ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

3 hours ago

ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨི་ལེན་ཝང་ཟེར་བའི་རྒྱ་མོ་ཞིག་གིས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག

ཁ་སང་ཕྱི་ཚེས ༡༡ ཉིན་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་གྷི་ཡ་(Arcadia)གྲོང་ཁྱེར་གྱི་སྤྱི་ཁྱབ་ཨི་ལེན་ཝང་Eileen Wang)ཟེར་བའི་བུད་མེད་ཞིག་གིས། རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་རྐྱེན་འཛིན་བཟུང་བྱས་ཡོད་པ་དང་། རང་ལོ་ ༥༨ ཡིན་པའི་ཨི་ལིན་ཝང་གིས་ནག་ཉེས་ཁས་ལེན་བྱས་ཡོད་སྟབས། མོ་ལ་ལོ་བཅུའི་བཙོན་བཅུག་ཁྲིམས་ཐག་གཅོད་འཆར་ཡོད་འདུག

གནད་དོན་དེའི་སྐོར་ལ་ཨ་རིའི་ཁྲིམས་རྩོད་པ་བྷིལ་ཨེ་སེ་ཡེ་ལི་(Bill Essayli)ལགས་ཀྱིས། ང་ཚོའི་རྒྱལ་ཁབ་ནང་དུ་མི་སྒེར་གྱིས་ཕྱིའི་རྒྱལ་ཁབ་དང་མཉམ་དུ་ལྐོག་འབྲེལ་བྱས་ཏེ་ང་ཚོའི་དམངས་གཙོ་གཏོར་བརླག་གཏོང་གི་འདུག ཐེངས་འདིའི་ཐག་གཅོད་འདི་ནི་རྒྱ་ནག་གཞུང་གིས་ང་ཚོའི་རྒྱལ་ཁབ་ནང་གཏོར་བཤིག་གཏོང་བར་འགོག་རྒོལ་བྱེད་པའི་གྲུབ་འབྲས་གསར་པ་ཞིག་ཡིན། ཅེས་བརྗོད་འདུག

ཨ་རིའི་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་ཇོན་ཨེ་སེན་བྷར་གྷི་ (John A. Eisenberg)ལགས་ཀྱིས། ཨ་རིའི་ལས་བྱེད་རྣམས་ཀྱིས་ཨ་རིའི་མི་མང་ཁོ་ནའི་ཆེད་དུ་ཞབས་འདེགས་ཞུ་དགོས། རྒྱ་ནག་གི་དཔོན་རིགས་ཚོས་བཤད་པ་ལྟར་ལག་བསྟར་བྱས་མྱོང་མཁན་ཞིག་ད་ལྟ་མི་མང་གི་ཡིད་ཆེས་བྱེད་ས་ཞིག་ཏུ་གྱུར་ཡོད་པ་དེ་ཧ་ཅང་བློ་འཚབ་སྐྱེ་དགོས་པ་ཞིག་རེད། དེ་བས་ཀྱང་སེམས་འཚབ་སྐྱེ་དགོས་པ་ཞིག་ནི་ཕྱི་རྒྱལ་གྱི་གཞུང་དང་འབྲེལ་བ་ཡོད་པ་གསལ་བསྒྲགས་བྱས་མེད་པ་དེ་རེད། ཅེས་བརྗོད་འདུག

ཨི་ལེན་ཝང་ནི་ཕྱི་ལོ་༢༠༢༢ ལོར་ཨར་ཁ་དྷི་ཡའི་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཆགས་པ་དང་། ཁོ་མོས་སུན་ཡཱ་ཉིན་ཟེར་བའི་སྐྱེས་པ་ཞིག་དང་ལྷན་དུ་ཨ་རིའི་གསར་འགྱུར་ལྟེ་གནས་(U.S. News Center)ཟེར་བའི་དྲ་ཚིགས་ཤིག་བཟོས་ཏེ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་གསར་འགྱུར་རིགས་སྤེལ་ཡོད་འདུག

དེའི་ཁྲོད་དུ་ཤར་ཏུར་ཁི་སི་ཐན་ནང་གི་ངལ་རྩོལ་བསྒྱུར་བཀོད་དང་ཡུ་གུར་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སོགས་ཀྱི་གནས་ཚུལ་རིགས་བྱུང་གི་མེད་པའི་རྩོམ་ཡིག་སྤེལ་ཡོད་འདུག་ལ། ཕྱི་ལོ་ ༢༠༢༡ ལོར་ཨ་རིའི་གཞུང་གིས་བཙོན་བཅུག་བྱས་པའི་རྒྱ་ནག་གི་གསང་མྱུལ་བའི་དཔོན་རིགས་མཐོ་གྲས་ཇོན་ཁྲིན་(John Chen)ཟེར་བ་དང་འབྲེལ་བ་བྱས་པའི་གནས་ཚུལ་སོགས་ཐོན་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཁོ་མོའི་ལས་རོགས་སུན་ཡོ་ཉིན་འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཁོ་ལ་ཕྱིའི་རྒྱལ་ཁབ་ལ་གསང་མྱུལ་བའི་ལས་ཀ་བྱས་པའི་ནག་ཉེས་འོག་ལོ་བཞི་བཙོན་འཇུག་བྱས་ཡོད་འདུག

ཨི་ལན་ཝང་ནི་རྒྱ་ནག་ཏུ་སྐྱེས་ཤིང་། ཨ་རིའི་ནང་སློབ་སྦྱོང་བྱས་ཏེ་ལྷོ་ཁ་ལི་ཧྥོར་ནི་ཡ་སློབ་ཆེན་དུ་ལས་ཀ་བྱས་ཡོད་འདུག  ཕྱི་ལོ་ ༢༠༠༠ ལོའི་མགོ་སྟོད་དུ་ཨ་རིའི་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་དུ་གནས་སྤོས་བྱས་ཏེ།  ས་གནས་སུ་དགེ་རྒན་དང་སྤྱི་ཚོགས་ནང་ལས་ཀ་མང་པོ་བྱས་ཡོད་འདུག  ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༦ ནས་བཟུང་ས་གནས་གྲོང་ཁྱེར་ལྷན་ཚོགས་ནང་ལས་ཀ་བྱས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་ཨར་ཁ་དྷི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་གཞག་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

The post ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས། appeared first on བོད་ཀྱི་དུས་བབ།.

Original Article