བོད་ཨ་མདོ་གཤོང་ཤན་བོད་རིགས་ས་ཁུལ་དུ་རྟེན་གཞི་བྱས་པའི་དྷི་ཚ་བཀྲ་ཤིས་ཆོས་སྡིང་གི་གྲྭ་བསམ་གཏན་ལགས་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་མནར་སྤྱོད་ཚད་མེད་ཀྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག རང་ལོ་ ༢༥ སོན་པའི་གྲྭ་བསམ་གཏན་ལགས་ནི་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་ WeChat སྐད་འཕྲིན་ནང་འོས་བསྡུའི་ལས་རིམ་དང་འབྲེལ་བའི་པར་རིས་བརྒྱུད་སྤེལ་བྱས་པའི་ནག་ཉེས་འོག་ཐོག་མར་བཀག་ཉར་བྱས་པ་དང་། སྐབས་དེ་ནས་བཟུང་རྒྱ་ནག་ཉེན་རྟོག་པའི་ལྟ་སྲུང་ནན་པོའི་འོག་གནས་ཡོད་པ་ཞིག་རེད་འདུག ཁོང་དངོས་སུ་བཙོན་འཇུག་ག་དུས་བྱས་མིན་གྱི་གནས་ཚུལ་གསལ་ཁ་མེད་ཀྱང་། བོད་གནས་ལྟ་ཞིབ་ཁང་གིས་ཁ་སང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྔ་ལོའི་ཕྱི་ཟླ་ ༡༢ པའི་ནང་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་གྲྭ་བསམ་གཏན་ལགས་ཀྱི་སྐུ་ཕུང་དྷི་ཚ་དགོན་ལ་རྩིས་སྤྲོད་དང་འབྲེལ། གྲྭ་བ་རྣམས་ལ་གནས་ཚུལ་དེ་ཕྱིར་བསྒྲགས་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། ཁོང་གློ་བུར་ནད་མནར་རྐྱེན་གྱིས་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ལམ་ལ་འདས་གྲོངས་སུ་གྱུར་ཡོད་ཚུལ་བརྗོད་ཀྱང་སྨན་ཁང་གི་མིང་ཁ་གསལ་བཤད་མེད་པ་རེད་འདུག སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོ་སྟེ་གྲྭ་བསམ་གཏན་ལགས་ཐོག་མར་བཀག་ཉར་བྱས་པའི་ལོ་དེ་རང་གི་ཟླ་ ༡༠ པའི་ནང་། དྷི་ཚ་དགོན་གྱི་ལོ་ན་ ༡༨ མན་གྱི་གྲྭ་ ༥༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། བོད་དཔའ་ལུང་རྫོང་ནང་རྟེན་གཞི་བྱས་པའི་བྱ་ཁྱུང་དགོན་པའི་གྲྭ་ ༣༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད། བོད་གནས་ལྟ་ཞིབ་ཁང་གིས་གྲྭ་བསམ་གཏན་ལགས་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་གྱུར་བའི་གནས་ཚུལ་དེ་བཞིན་སྔ་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གོང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ནང་དགེ་འདུན་མཐོ་རིམ་པ་མང་པོ་གར་སོང་ཆ་མེད་བཏང་བ་དང་། དགོན་པ་གྲགས་ཅན་ཁག་ལ་བཙན་འཛུལ་གྱིས་༸གོང་ས་མཆོག་དང་བཙན་བྱོལ་དུ་བཞུགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཞན་གྱི་སྐུ་པར་བཙན་འཕྲོག་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་དེའི་དབུ་ཁྲིད་ཚོར་ལྟ་ཞིབ་དང་གཉའ་གནོན་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་ཁྲོད་གསལ་ཁ་བྱུང་བ་ཞིག་ཡིན་པ་གསུངས་འདུག འདི་ལྟ་བུའི་དྲག་གནོན་སྲིད་བྱུས་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལས་འགུལ་ཟེར་བའི་འོག་ནས་བོད་མི་དང་ཡུ་གུར་བ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ། རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་སྲིད་བྱུས་གྱི་ཆ་ཤས་ཡིན་པ་གསུངས་འདུག དེའི་ཁྲོད་བོད་ནང་གི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་གི་ནང་། བོད་ཉིང་ཁྲི་དང་ལྷོ་ཁ་ཁུལ་དུ་ས་ཞིང་འདེབས་ལས་འགོ་འཛུགས་ཀྱི་མཛད་སྒོ་ཞིག་གི་ཁྲོད། ཞིང་པ་རྣམས་ཀྱིས་ས་ཞིང་འཕྲུལ་འཁོར་གྱི་མདུན་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པར་བཞག་ཡོད་པ་མཐོང་རྒྱུ་ཡོད་པ་མ་ཟད། ལག་ཏུ་རྒྱ་ནག་རྒྱལ་དར་བསྣམས་ཡོད་པ་མངོན་རྒྱུ་འདུག དེའང་རྒྱུན་ལྡན་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ Belgium གནས་བཞུགས་ས་དཀར་བཀྲ་ཤིས་ལགས་ཀྱིས་རང་གི་ X སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་ཐུང་ཁག་གཅིག་བརྒྱུད་སྤེལ་གནང་བའི་ནང་མངོན་གསལ་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ས་དཀར་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་བོད་ནང་ས་ཞིང་འདེབས་ལས་འགོ་འཛུགས་ཀྱི་མཛད་སྒོ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ཡང་། ད་ལན་བོད་ལྷོ་ཁ་དང་ཉིང་ཁྲི་ཁུལ་ནང་སྲིད་འཛིན་ཞི་ཅིན་ཕིང་གི་པར་དང་རྒྱ་ནག་རྒྱལ་དར་བསྣམས་པ་དེ་ནི་གཞུང་ལ་སྤྲེ་ལེ་བྱས་པའི་རྣམ་འགྱུར་ཞིག་སྟོན་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གི་ལུགས་སྲོལ་ནང་ས་ཞིང་འཕྲུལ་འཁོར་གྱི་མདུན་དུ་མིའི་པར་བཞག་པ་དེ་ནི་གང་ཟག་གཅིག་གྲོངས་བའི་རྗེས་སུ་མྱ་ངན་གུས་འདུད་ཞུས་པའི་རྣམ་འགྱུར་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། མཛད་སྒོའི་བརྙན་པར་སོགས་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་སྤེལ་བྱུང་མ་ཐག་ Tibet Daily གསར་ཁང་སོགས་ཀྱིས་ལམ་སེང་བརྙན་པར་རིགས་ཕྱིར་འཐེན་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་།
The post དྷི་ཚ་བཀྲ་ཤིས་ཆོས་སྡིང་གི་དགེ་འདུན་པ་ཞིག་རྒྱ་མིའི་ཉེན་རྟོག་པའི་བཀག་ཉར་འོག་འདས་གྲོངས་སུ་གྱུར་འདུག appeared first on vot.





