ཕྱི་ལོ་༢༠༢༢ ནས་བཟུང་རྒྱ་ནག་གི་དམག་དཔོན་༡༠༠ ཙམ་གནས་དབྱུང་བཏང་འདུག

2 months ago
པར། NBC

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་ (CSIS) གིས་སྤེལ་བའི་སྙན་ཐོ་གསར་པ་ཞིག་གི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་ནང་དུ་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་པའི་མིང་ཐོག་ནས་དམག་དཔོན་མང་པོ་གནས་དབྱུང་བཏང་བ་དེས། རྒྱ་ནག་དམག་མིའི་དམག་འཐབ་ནུས་པ་དང་གྲ་སྒྲིག་བྱེད་ཕྱོགས་ལ་གནོད་པ་ཆེན་པོ་ཐེབས་སྲིད་པ་བརྗོད་འདུགཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༤ ཉིན་འདོན་སྤེལ་གནང་བའི་སྙན་ཐོ་གསར་པའི་ནང་གསལ་བ་ལྟར་ན། ཕྱི་ལོ་༢༠༢༢ ལོ་ནས་བཟུང་ད་བར་རྒྱ་ནག་དམག་མིའི་ནང་གི་དམག་དཔོན་༡༠༠ ལྷག་གནས་དབྱུང་བཏང་བའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་འདུག དེའི་ནང་དུ་དྲག་པོའི་དམག་དོན་གྱི་གོ་གནས་མཐོ་ཤོས་ཁག་ཅིག་ཀྱང་ཡོད་ཅིང་། ཟླ་བ་སྔོན་མའི་ནང་དམག་དོན་ལྷན་ཁང་གི་གོ་གནས་མཐོ་ཤོས་ཡོད་པའི་དམག་དཔོན་ཀྲང་ཡུའུ་ཞ་ (Zhang Youxia) དང་། དམག་སྤྱི་ལིའུ་ཀྲིན་ལི་ (Liu Zhenli) གཉིས་ལ་བརྟག་དཔྱད་བྱེད་བཞིན་པ་ཡོངས་གྲགས་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་དམག་དོན་ལྷན་ཁང་གི་ཚོགས་མི་བདུན་གྱི་ནང་ནས། ད་ཆར་ཞི་ཅིན་ཕིང་དང་དམག་དཔོན་གཞན་གཅིག་ལས་ལྷག་མེད་ཅིང་། དབུས་དམག་དོན་ལྷན་ཁང་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བརྗོད་འདུགཕྱི་ལོ་༢༠༢༢ ནས་བཟུང་དམག་དཔོན་ཆེ་བ་༣༦ གཞུང་འབྲེལ་གྱིས་གནས་དབྱུང་བཏང་ཡོད་པ་དང་། དམག་དཔོན་༦༥ ཙམ་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་པ། རྒྱ་ནག་དམག་མིའི་མཐོ་རིམ་འགོ་ཁྲིད་ཀྱི་ལས་གནས་༡༧༦ ཡོད་པའི་ནང་ནས་བརྒྱ་ཆ་༥༢ ཙམ་ལ་དག་ཐེར་གྱི་དོ་ཕོག་ཐེབས་ཡོད་པ་དེ་ནི་སྔར་བྱུང་མྱོང་མེད་པའི་དོན་རྐྱེན་ཞིག་ཡིན་པར་བཤད་འདུག

ཐའེ་ཝན་གྱི་གནད་དོན་དང་འབྲེལ་སྙན་ཐོའི་ནང་གསལ་བ་ལྟར་ན། ཕྱི་ལོ་༢༠༢༤ ལོར་རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱེད་པར་ཉིན་གྲངས་༤ ལས་འགོར་མེད་ཀྱང་། ཕྱི་ལོ་༢༠༢༥ ལོར་དག་ཐེར་གྱི་དབང་གིས་དམག་དོན་གྲ་སྒྲིག་བྱེད་པར་ཉིན་གྲངས་༡༢ ནས་༡༩ བར་འགོར་ཡོད་པ་དེས་རྒྱ་ནག་དམག་མིའི་ནང་ཁུལ་གྱི་མཐུན་སྦྱོར་ནུས་པ་ཞན་དུ་ཕྱིན་པ་མཚོན་ཡོད་པར་བཤད་འདུགསྙན་ཐོའི་ནང་དམག་དཔོན་སོགས་གནས་དབྱུང་གི་ལས་འགུལ་དེ་རྒྱ་ནག་གི་དཔུང་སྡེ་བཞི་ཀ་སྟེ། སྐམ་དམག་དང་། མཚོ་དམག གནམ་དམག་དང་མེ་ཤུགས་འཕུར་མདེལ་དཔུང་སྡེ་བཅས་ལ་ཁྱབ་ཡོད་པ་དང་། ལྷག་པར་དུ་མེ་ཤུགས་འཕུར་མདེལ་དཔུང་སྡེ་ལ་དོགས་ཟོན་དང་གཙང་བཤེར་ཆེ་ཤོས་བྱས་ཡོད་པ་བརྗོད་འདུགགནས་ཚུལ་དབྱེ་ཞིབ་པ་འགས། ཞི་ཅིན་ཕིང་གིས་རང་གི་དམག་དཔུང་ལ་ཡིད་ཆེས་བརླག་བཞིན་པ་འདིས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་འཆར་གཞི་ལ་འགོག་རྐྱེན་བཟོ་སྲིད་པ་རེད། རྒྱུ་མཚན་ནི། ཉམས་མྱོང་ཅན་གྱི་དམག་དཔོན་མང་པོ་གནས་དབྱུང་བཏང་བས། གཞི་རྒྱ་ཆེ་བའི་དམག་འཐབ་ལ་བཀོད་འདོམས་བྱེད་མཁན་གྱི་དམག་དཔོན་སྟོང་པ་ཆགས་ཡོད་ཅེས་བརྗོད་འདུགདེ་བཞིན། དམག་དཔོན་གསར་པ་ཚོས་རང་ཉིད་ཀྱང་གནས་དབྱུང་གཏོང་བར་འཇིགས་སྣང་བྱེད་ཀྱི་ཡོད་པས། ཞི་ཅིན་ཕིང་ལ་དངོས་ཡོད་ཀྱི་དམག་དོན་གནས་ཚུལ་སྙན་སེང་མི་ཞུ་བར་ཁོང་གི་འདོད་པ་དང་མཐུན་པའི་གཏམ་བཟང་ཁོ་ན་ཤོད་སྲིད་པ་དེས། མ་འོངས་པར་ཞི་ཅིན་ཕིང་གིས་དམག་དོན་ཐག་གཅོད་ནོར་འཁྲུལ་ཅན་བྱེད་པའི་ཉེན་ཁ་ཡོད་པ། དེ་བཞིན་ཞི་ཅིན་ཕིང་གི་གཙང་བཤེར་དང་རུལ་སུངས་ལ་རྒོལ་རྡུང་བྱེད་རྒྱུ་ད་དུང་ཡང་མཚམས་ཆད་མེད་པ་བརྗོད་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།

Original Article