བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

6 hours ago

དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་བསྐྱར་དུ་ཕུལ་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བརྒྱུད་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དབུས་འོས་བསྡུ་ལས་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་ཡོད་ཀྱང་ངོས་བཞེས་གནང་མེད་སྟབས། དེ་རིང་ཕྱི་ཚེས་ ༡༡ ཉིན་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག དེ་རིང་དབུས་འོས་བསྡུ་ལས་ཁང་ནས་སྔར་གྱི་གཏན་འབེབ་ལྟར་གནངས་ཉིན་ཏེ་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པའི་བརྡ་ཐོ་འབྱོར་བྱུང་།

དེའི་ཐད་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༥ ཙེས་ ༥ ཉིན་བལ་ཡུལ་ནས་ཡིན་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་ས་གནས་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས་ཏེ་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་གནང་ཟིན་པ་དང་། ཕྱི་ཚེས་ ༨ ཉིན་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ཀྱང་། ཉིན་དེའི་ཉིན་རྒྱབ་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཞེས་གནང་མེད་པར་བརྟེན། དེ་རིང་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་ཡོད་སྐོར་བརྗོད་བྱུང་།

ཁྲིམས་ལུགས་རིག་པ་བའི་ཚོགས་པའི་བྱམས་པ་དབང་ཕྱུག་ལགས་ཀྱིས།  དེ་རིང་ང་ཚོས་རྒྱུ་མཚན་ཆ་ཚང་ཞིབ་ཕྲ་བཀོད་ནས་ཡང་བསྐྱར་སྙན་ཞུ་འབུལ་བར་བསླེབས་ཡིན། སྤྱིར་བཏང་གི་ཆ་ནས་ང་ཚོའི་ཐོག་མའི་དམིགས་ཡུལ་དེ་ཁ་མཆུ་ལེན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྤྱིར་བཏང་ང་ཚོའི་བོད་པའི་དམངས་གཙོའི་སྒྲོམ་གཞིའི་ནང་ལོགས་ལ་གལ་ཆེ་ཤོས་ཁྲིམས་ལུགས་དབང་འཛིན་ཡོང་རྒྱུ་དང་། དེ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་གསལ་བ་ལེའུ་གཉིས་པའི་ནང་གཟིགས་པ་ཡིན་ན། གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཐོག་མའི་ཁ་མཆུ་བླངས་བ་རེད། དེ་འདྲ་སོང་ཙང་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་ནང་གཟིགས་པ་ཡིན་ན། དོན་ཚན་བཅུ་གཅིག་ཐད་ཀར་འོས་བསྡུ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོས་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་བ་ནང་བཞིན། ཁྲིམས་ཞིབ་པ་རྣམ་པ་གསུམ་ནས་ཀྱང་བར་བརྒལ་བཀའ་འཁྲོལ་གནང་རྒྱུ་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞིའི་ནང་གཟིགས་པ་ཡིན་ན། ཁྲིམས་ཞིབ་པ་རྣམ་པ་གསུམ་ལ་སྐུ་དབང་ཆ་ཚང་ཡོད་རེད། ད་ལྟའི་ཆར་ང་ཚོའི་ཁ་མཆུའི་བརྒྱུད་རིམ་དེ་འདྲ་ཆགས་བསྡད་ཡོད་པ་རེད། ང་ཚོའི་ཁ་མཆུ་དེ་ཁྲིམས་ཞིབ་ཁང་དུ་ཡོད་པ་སོང་ཙང་གནས་ཚུལ་རྒྱས་པ་ཕལ་ཆེར་རིམ་པས་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདི་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་གྱི་འོས་བསྡུ་ཚགས་ཚུད་མ་བྱུང་བའི་ལབ་གླེང་ཞུ་གཏུག་བྱུང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་འབྲེལ་ཡོད་ལ་འདྲི་བརྩད་དང་འོས་ཤོག་ལ་ཞིབ་འཇུག་གནང་བ་བརྒྱུད། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཀྱི་མིང་ཐོག་ཏུ་ཐག་གཅོད་ཡི་གེ་ཞིག་བཏང་སྟེ། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ཁག་དང་འགལ་འཛོལ་ཚབས་ཆེན་བྱུང་ཡོད་པ་ར་འཕྲོད་བྱུང་བ་གཞིར་བཟུང་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་བཀོད་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་ཕྱི་ཟླ་ ༥ ཙེས་ ༥ ཉིན་གྱི་ཉིན་རྒྱབ་ཏུ་བལ་ཡུལ་ནས་ཕེབས་པའི་བློ་བཟང་ཚེ་རིང་ལགས་ཀྱིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བརྒྱུད་བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱས། ཕྱི་ཚེས་ ༧ ཉིན་ཁྲིམས་གཏུགས་ངོས་བཞེས་ཀྱིས་ཁ་མཆུ་ཨང་ ༢༢ པར་ངོས་བཞེས་དེབ་འགོད་གནང་། ཕྱི་ཚེས་ ༨ ཉིན་ཞུ་སྦྱོར་བས་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༧༦ པའི་དགོངས་དོན་བར་བརྒལ་གྱི་བཀའ་ཁྱབ་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་འདུག་ཀྱང་ངོས་བཞེས་གནང་མེད་པ་རེད། བལ་ཡུལ་མཆོད་འཇོར་ཁུལ་གྱི་མི་མང་གི་འཐུས་ཚབ་དང་དགོན་པ་ཁག་གི་སྐུ་ཚབ་སོགས་ནས་ཚོགས་འདུ་བསྡུས་ཏེ་འོས་བསྡུའི་གནད་དོན་དང་འབྲེལ་བའི་གྲོས་བསྡུར་གནང་རྩིས་བྱས་དང་བྱེད་བཞིན་ཡོད་ཀྱང་ད་བར་དོན་འབྲས་སོན་པ་ཞིག་བྱུང་ཐུབ་མེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

The post བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ། appeared first on བོད་ཀྱི་དུས་བབ།.

Original Article