རྒྱ་ནག་གི་བཙོན་ཁང་ནང་དུ་ལོ་ ༧ ཁྲིམས་ཆད་མྱོང་བཞིན་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་ཨ་ཉག་སེང་སྒྲ་ལགས་ཁ་སང་གློད་བཀྲོལ་བཏང་འདུག་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་པ་ལས་འགྲོ་འདུག་གི་རང་དབང་དང་། འཕྲོད་བསྟེན་སོགས་ཀྱི་གནས་སྟངས་སྐོར་ལ་གསལ་ཁ་གང་ཡང་མི་འདུག སྤྱིར་ ༢༠༢༥ ལོའི་ཕྱི་ཟླ་ ༩ པའི་ནང་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་གི་དུས་ཡུན་ཟིན་ཡང་། རྒྱ་གཞུང་གིས་བཙོན་ཁང་ནང་ཁྲིམས་འགལ་བྱས་པའི་ཉེས་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ པའི་བར་བཙོན་འཇུག་གི་དུས་ཡུན་ཕར་འགྱངས་བྱས་ཡོད་པ་ལྟར། ཁ་སང་ཚེས་ ༨ ཉིན་གློད་བཀྲོལ་བཏང་ཡོད་པ་རེད། རྩ་བའི་ཁོང་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་སྤྱི་ཚོགས་བརྟན་ལྷིང་དཀྲུག་པའི་ཉེས་མིང་འོག་འཛིན་བཟུང་གིས། ༢༠༡༩ ལོར་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་རིང་བོད་ཀྱི་དུས་བབ་གསར་ཁང་གི་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཉག་སེང་སྒྲ་ལགས་ཀྱི་ལོ་བདུན་གྱི་བཙོན་འཇུག་དུས་ཡུན་ཚང་སྟེ་མེན་ཡཱང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། འཕྲོད་བསྟེན་གནས་སྟངས་དང་འགྲོ་འདུག་གི་རང་དབང་ཡོད་མེད་སོགས་ཀྱི་སྐོར་ལ་གནས་ཚུལ་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་འཁོད་འདུག ཨ་ཉག་སེང་སྒྲ་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འཕྲལ་ཁོང་གི་གནད་དོན་ཐོག་ཡུན་རིང་ནས་ལས་འགུལ་སྤེལ་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་ནས་བརྙན་ཐུང་ཞིག་བརྒྱུད་སྤེལ་གནང་བའི་ནང་དུ། ཨ་ཉག་སེང་སྒྲ་ལགས་གློད་བཀྲོལ་གཏང་བར་དགའ་བསུ་ཡོད་པ་དེ་ལྟར་ཡང་། ཨ་ཉ་སེང་སྒྲ་ལགས་བཙོན་གྲོལ་ཐོབ་པ་ནི་གསར་འགྱུར་ཞིག་མིན་ལ། ཁོང་ཐོག་མ་ནས་བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། འདི་ནི་ཁོང་གཅིག་པུའི་ལོ་རྒྱུས་མ་ཡིན་པར། ཨ་ཉ་སེང་སྒྲ་ལགས་ཀྱི་གནས་སྟངས་འདིས་བོད་ནང་གི་དངོས་ཡོད་གནས་ཚུལ་གསལ་པོར་མཚོན་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པས་མུ་མཐུད་ནས་ཨ་ཉ་སེང་སྒྲ་ལགས་ཀྱི་གནས་སྟངས་ལ་ལྟ་ཞིབ་དང་། བོད་ནང་གི་བོད་མིའི་འབོད་སྒྲ་མུ་མཐུད་ནས་སྒྲོག་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་མི་སྣ་དང་། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཨ་ཉག་སེང་སྒྲ་ལགས་འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ། རྒྱ་ནག་སྲིད་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པ་དང་། ཁོང་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡུན་རིང་སྤེལ་ཡོད་པ་རེད། མ་ཟད་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༡ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། ཕྱི་ལོ་ ༢༠༢༥ ལོའི་ལོངས་ཤོག་མཚན་འཛོམས་གོ་སྒྲིག་ཐོག བོད་རང་བཙན་གྱི་ལས་འགུལ་ལ་ཞབས་འདེགས་གལ་ཆེན་སྒྲུབ་མཁན་ཚོགས་སྒེར་ཁག་གཅིག་ལ་ཆེ་བསྟོད་ཀྱིས་ལྷག་དཀར་གཟེངས་རྟགས་འབུལ་བཞེས་གནང་སྲོལ་ལྟར། སྐབས་དེའི་ལྷག་དཀར་གཟེངས་རྟགས་དེ་བཞིན་ཨ་ཉག་སེང་སྒྲ་ལགས་ལ་ཕུལ་ཡོད། གཞན་ཡང་ཕྱི་ལོ་ […]
The post བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་གློད་བཀྲོལ་བཏང་འདུག appeared first on vot.





