བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

4 months ago

རྒྱ་གར་གྱི་དགུན་དུས་གྲོས་ཚོགས་འཚོག་བཞིན་པའི་སྐབས་དང་བསྟུན་རྒྱ་ནག་གཞུང་གིས༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དང་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་ཐབས་སུ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུ་འཁྲིད་པའི་ཞུ་གཏུག་ཚོགས་ཆུང་གིས་རྒྱ་གར་གྱི་དབུས་བློན་ཆེན་ཀེ་རིན་རི་ཇི་ཇུ་(Shri. Kiren Rijiju)མཆོག་དང་མཇལ་བ། སྤྱི་འཐུས་ཀྱི་པར། 

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་དགུན་ཁའི་གྲོས་ཚོགས་འཚོག་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས ༡༢ ནས་ ༡༩ བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་རྒྱུན་ལས་ཚོགས་ཆུང་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་རྣམ་པ་དང་གྲོས་ཚོགས་འཐུས་མིར་ཐུག་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག

ཐེངས་འདིའི་བོད་དོན་ཞུ་སྐུལ་སྐབས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇི་ཇུ་ (Kire Rijiju) མཆོག་དང་། ཨུ་ཏར་པ་ར་དྷེ་ཤི་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་ཝི་རན་དྷ་ར་སིང་ (Virendra Singh) ལགས། མ་ནི་པུར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཨན་གྷོམ་ཆ་བྷི་མོལ་ (Angomcha Bimol Akoijam) ལགས། ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་ཨུ་ཏི་ཀར་ཤི་ཝར་མ་ (Utkarsh Verma) ལགས། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དམངས་གཙོའི་གླེང་སྟེགས་ཀྱི་ཚོགས་གཙོ་དང་ཨུ་ཏར་པ་ར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཚབ་ཟུར་པ་ཨ་མར་ (Dr. Amar Rizvi) ལགས། རྒྱ་གར་གྱི་ཁེ་ཐོ་ལིག་ཞིབ་བཤེར་ལྟེ་གས་ཀྱི་ཚོགས་གཙོ་ནོར་བྷར་ཌི་ (Fr. Norbert Herman) ལགས། བྷི་ཧར་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་དྷི་ལེ་ཤི་ཝར་ (Dileshwar Kamait) ལགས། རྒྱ་གར་གཞུང་གི་གཞུང་ལམ་འགྲིམ་འགྲུལ་ལས་ཁུངས་ཀྱི་བློན་ཆེན་ཧར་ཤི་ (Harsh Malhotra) ལགས། བྷི་ཧར་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་ཀུ་མར་ (Kaushalendra Kumar) ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ (Dorjee Tshering Lepcha) ལགས་སོགས་ལ་ཐུག་འཕྲད་གནང་ཡོད་འདུག

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་བཅས་ཀྱིས་བོད་དོན་ཞུ་གཏུག་གནང་བ། སྤྱི་འཐུས་ཀྱི་པར།

བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས། བོད་ནི་བཙན་བཟུང་བྱས་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་དགོས་པ་དང་། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་གནང་ཡོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (UNFCCC) ནས་རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་བོད་ནང་གི་ཁོར་ཡུག་གཏོར་བཤིག་གཏོང་མུས་ཡིན་སྟབས། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་ཞིབ་འཇུག་གནང་མགོ་ཚུགས་དགོས་པའི་འབོད་སྐུལ་ཞུས་འདུག

དེ་བཞིན་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་ཚོགས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ། དེ་བཞིན་རང་དབང་རྩོད་ལེན་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་བོད་ནང་ཡོང་ཆོག་པའི་ཆོག་མཆན་སྤྲོད་པར་གནོན་ཤུགས་སྤྲོད་དགོས་པ་དང་། ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་མཆོག་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པ་མ་ཟད། བོད་ཀྱི་རིག་གཞུང་དང་སྐད་ཡིག ཆོས་ལུགས་སོགས་ལ་དྲག་གནོན་བྱེད་བཞིན་པའི་སྲིད་ཇུས་དེ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག ད་དུང་དམངས་གཙོའི་སྒྲིག་འཛུགས་དང་འཛམ་གླིང་བརྟན་ལྷིང་ལ་གཏོར་བརླག་གཏོང་བའི་རྒྱ་ནག་གི་མི་གཅིག་དབང་སྒྱུར་གྱི་རིང་ལུགས་དང་། གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པའི་ལས་འགུལ་དེ་དག་ལ་ཁ་གཏད་གཅོག་སླད། རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ལས་དོན་ཞིག་གསར་འཛུགས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱལ་སྤྱིའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་ཀྱིས་བོད་དོན་ཞུ་གཏུག་གནང་བ། སྤྱི་འཐུས་ཀྱི་པར།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article