ཕྱི་ལོ་ ༢༠༢༦ ནས་བཟུང་བོད་ལྗོངས་མལ་གྲོ་གུང་དཀར་སློབ་ཆུང་དུ་(ན་ཆུང་གི་སྟོབས་ཤུགས་ནི་ཀྲུང་ཀོའི་སྟོབས་ཤུགས་ཡིན་)ཟེར་བའི་འབོད་ཚིག་འོག་ནས་བདུན་ཕྲག་གཅིག་རིང་གཞུང་གིས་དམག་མི་ཆེད་མངགས་ཐོག་སློབ་ཆུང་ལོ་ན་ ༦-༡༢ བར་གྱི་སློབ་མ་ཚོ་ལ་དམག་སྦྱོང་གི་འཛིན་གྲྭ་འཚོགས་ཡོད་འདུག དེ་བཞིན་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་རྗོང་གི་སློབ་ཆུང་ཁག་ཏུ་“བཅའ་སྡོད་སློབ་གྲྭའི་དམག་དཔོན་སློབ་ཕྲུག”ཞེས་པའི་བྱ་འགུལ་ཞིག་སྤེལ་ཡོད་འདུག འདི་ག་གསར་ཁང་གིས་རྒྱུས་ལོན་བྱས་པ་ལྟར་ན་རྒྱ་གཞུང་གི་དམག་མི་བཅུ་གྲངས་ཤིག་རྒྱུན་དུ་སློབ་གྲྭར་བཅའ་སྡོད་བྱེད་བཞིན་ཡོད་པ་དང་། རྒྱུན་དུ་སློབ་མའི་བྱ་སྤྱོད་ལ་དོ་དམ་དང་། དམག་སྦྱོང་སྣེ་འཁྲིད། སློབ་མ་ཚོའི་རྒྱུད་ལ་དམག་སྦྱོང་གི་འཚོ་བའི་གོམས་གཤིས་འཇོག་ཐབས་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྲུང་སློབ་གསོ་དང་། ཏང་གི་མཛུབ་སྟོན་སོགས་ལ་སློབ་སྦྱོང་ནན་ཏན་བྱ་དགོས་པའི་སློབ་གསོ་གཏོང་བཞིན་པ་རེད་འདུག དེ་བཞིན་ཉེ་བའི་ཆར་གཅིག་སྒྲིལ་རྫོང་སོག་རུ་མ་སློབ་ཆུང་གི་ལོ་རིམ་དང་པོ་ནས་གཉིས་པ། ལོ་ན་ ༩ ནས ༡༡ བར་གྱི་སློབ་མ་ཚོ་ལ་གཞུང་ངོས་ནས་བཀོད་སྒྲིག་བྱས་ནས་ཏང་གི་བཀའ་དྲིན་དང་། གཙོ་འཛིན་ཞི་ཅིན་ཕེན་གྱི་རླབས་ཆེ་བའི་བསམ་བློ་ཞེས་པ་བརྗོད་གཞིར་བདམ་ནས་རྩོམ་ཡིག་འགྲན་བསྡུར་རྒྱས་པ་ཞིག་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༢ ནང་དུ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་དང་། རྩྭ་མདའ་རྫོང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་བཅས་མཐའ་མཚམས་རྫོང་ཁག་ ༤ ནས་ཡོང་བའི་སློབ་འབྲིང་གི་སློབ་མ་ ༢༦ དང་། སྣེ་ཁྲིད་དགེ་རྒན་ ༥ མངའ་རིས་ཀྱི་སེང་གེ་ཁ་འབབ་ནས་པེ་ཅིང་དུ་ལྟ་སྐོར་དང་། ཏང་འབྲེལ་དྲིལ་བསྒྲགས་ལ་སློབ་སྦྱོང་བྱེད་དུ་གཞུང་ངོས་ནས་ཁྲིད་ཡོད་འདུག སློབ་ཆུང་སློབ་མའི་ནང་དུ་རྒྱུན་དུ་གཏན་སྡོད་བྱེད་མཁན་གྱི་རྒྱའི་དམག་མི་ཚོའི་ལས་འགན་ནི་བོད་ཀྱི་སློབ་ཕྲུག་ཚོ་ལ་རྒྱ་རིགས་ཀྱི་འཚོ་བའི་གོམས་གཤིས་དང་། བསམ་བློ། ཀུན་སྤྱོད་སོགས་བརྒྱུད་སྤེལ་བྱེད་རྒྱུ་དེ་རེད་འདུག
The post མལ་གྲོ་གུང་དཀར་སློབ་ཆུང་དུ་དམག་སྦྱོང་འཛིན་གྲྭ་བཙུགས་པ། appeared first on vot.





