རྒྱ་གཞུང་གིས་ལོ་ན ༡༨ མན་གྱི་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པའི་སྒྲིག་ཁྲིམས་ལ་སེམས་འཚབ།

3 months ago

ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༡ པོའི་ནང་དུ་བོད་ཁུལ་གྱི་སློབ་གྲྭ་ཁག་དགུན་ཁའི་གུང་གསེང་ལ་སླེབས་ཡོད་པ་དང་། བྱིས་པ་ཚོ་ཕ་མ་དང་མཉམ་དུ་གནས་མཇལ་དུ་འགྲོ་སྐབས་དགོན་པའི་ནང་དུ་ལོ་ན་ ༡༨ མ་ལོན་པའི་བྱིས་པ་འཛུལ་མི་ཆོག་པའི་སྒྲིག་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་སྟབས་མཆོད་མཇལ་སོགས་ལ་དཀའ་ངལ་འཕྲད་པའི་གནས་ཚུལ་མང་དུ་འགྲོ་བཞིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ཀྱིས་གནས་ཚུལ་བརྒྱུད་སྤྲོད་བྱས་པ་ལྟར་ན། ན་ཆུང་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་། གྲྭ་བཙུན་བྱེད་མི་ཆོག་པའི་ཁྲིམས་འདི་ལོ་སྔོན་མ་ནས་དྲིལ་བསྒྲགས་བྱས་ཡོད་པ་དང་འབྲེལ་ཡོད་གཞུང་གི་ལས་བྱེད་ཀྱིས་སློབ་གྲྭ་སོགས་ལ་ཟབ་སྦྱོང་འཚོགས་ཡོད་པ་རེད། བོད་པ་ཚོ་ལ་མཚོན་ན་དགོན་པའི་དུས་ཆེན་དང་། བླ་མ་སོགས་ཀྱི་འཁྲུངས་སྐར་སྐབས་སུ་བྱིས་པ་ཆུང་ཆུང་ཚོ་དགོན་པའི་ནང་དུ་འཁྲིད་ནས་མཆོད་མཇལ་དང་ཆོས་ཀྱི་བྱེད་སྒོའི་བག་ཆགས་ཟབ་མོ་ཞིག་འཇོག་རྒྱུ་ཧ་ཅང་གལ་ཆེན་བརྩི་བཞིན་ཡོད། འོན་གྱང་ད་ལོ་ནས་བཟུང་དམ་དྲག་ཤུགས་ཆེ་རུ་སོང་སྟབས་ལོ་ན་ ༡༨ མ་ལོན་པའི་བྱིས་པ་དགོན་པའི་ནང་དུ་འཁྲིད་སྐབས་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། རྗེས་སུ་གཞུང་གིས་བྱིས་པ་དགོན་པའི་ནང་དུ་འཁྲིད་པ་ཤེས་རྟོགས་བྱུང་ན་ཉེས་ཆད་ཕོག་སྲིད་ཅེས་འགྲེལ་བརྗོད་བྱས་སོང་། བྱིས་པ་ཆུང་ཆུང་སྐབས་སུ་དགོན་པའི་ནང་གི་རང་གི་རིག་གཞུང་དང་མཐུན་པའི་ཆོས་ཀྱི་ཆོ་ག་སོགས་ལ་བག་ཆགས་དང་རྒྱུས་མངའ་མེད་ཚེ་བུ་ཕྲུག་ཆེན་པོར་ཆགས་རྗེས་ཆོས་ལ་དད་པ་མེད་པ་དང་། རང་གི་རིག་གཞུང་ལ་རྒྱུས་མངའ་ཅི་ཡང་མེད་པ་ཞིག་ཆགས་རྒྱུ་ཡིན་པ་ཐེ་ཚོམ་མེད་ཅེས་བུ་ཕྲུག་གི་ཕ་མས་འགྲེལ་བརྗོད་བྱས་སོང་།བོད་ཀྱི་བྱིས་པའི་སློབ་གསོའི་ཁ་ཕྱོགས་ལ་རྒྱ་ནག་གིས་སྲིད་ཇུས་འདྲ་མིན་སྤེལ་བཞིན་ཡོད་པའི་སྐོར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་རིགས་རྒྱུད་རྩ་གཏོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། གལ་ཏེ་རྒྱ་ནག་དམར་གཞུང་གིས་གདུག་རྩུབ་ལྡན་པའི་ཤེས་ཡོན་སྲིད་ཇུས་དེ་མི་ལོ་ ༡༥ ནས་ ༢༠ བར་མུ་མཐུད་དུ་བོད་ཀྱི་བྱིས་པའི་སྡེ་ཁག་ཏུ་བཙན་བཀོལ་བྱས་པ་ཡིན་ན། བོད་མི་རིགས་ཀྱི་ལོ་ངོ་བཞི་སྟོང་བདུན་བརྒྱའི་རིང་གི་རིག་གཞུང་དེ་རྩ་བ་ནས་མེད་པར་འགྱུར་སྲིད། ཅེས་ཁོང་གི་རྩོམ་ཡིག་ཏུ་བྲིས་འདུག

The post རྒྱ་གཞུང་གིས་ལོ་ན ༡༨ མན་གྱི་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པའི་སྒྲིག་ཁྲིམས་ལ་སེམས་འཚབ། appeared first on vot.

Original Article