དེ་རིང་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ Jagdeep Dhankhar ཇག་དཱིཔ་དྷན་ཁར་འཁོར་བཅས་ཀྱིས་གཙོས་པའི་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་མཇལ་བཅར་བ་ ༣༠༠ ལྷག་ལ་མཇལ་ཁ་སྩལ་འདུག དེ་ཡང་དེ་རིང་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ Jagdeep Dhankhar ཇག་དཱིཔ་དྷན་ཁར་འཁོར་བཅས་ལ་མཇལ་ཁ་སྩལ་བའི་སྐབས། རྒྱ་གར་གྱི་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་གར་གི་རང་དབང་ལ་ཐུགས་དབུས་ནས་སྤྲོ་བ་སྐྱེ་རྒྱུ་ཡོད་པ་ཞིག་རེད་བཞག་ཅེས་བཀའ་སྩལ་འདུག སྐབས་དེར་སྲིད་འཛིན་གཞོན་པ་ཟུར་པས་དེ་རིང་ནང་མི་དང་ལྷན་དུ་འཛམ་གླིང་ནང་གི་སྐྱེ་བུ་ཆེན་པོ་ཞིག་དངོས་སུ་མཇལ་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞིག་བྱུང་ཞེས་དང་། དུས་སྐབས་འདི་ནི་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཡིན་པ་གསུངས་འདུག དེ་བཞིན་དེ་རིང་རྒྱ་གར་གྱི་མཇལ་ཞུ་བ་ཞིག་གིས་སོ་སོའི་བསམ་བློ་ལ་སྟངས་འཛིན་ཇི་ལྟར་བྱ་དགོས་མིན་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་རྒྱ་གར་གི་རིག་གཞུང་ལ་ཆ་བཞག་ན་བསམ་བློ་མང་པོ་གཏང་ས་ཡོད་པ་ཞིག་ཡིན་པ་བཀའ་སྩལ་འདུག ད་དུང་སོག་པོ་ཁག་གཅིག་ལ་ལོ་རྒྱུས་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་གདན་སའི་ནང་སོག་པོ་མང་པོ་ཡོད་པ་དང་སོག་པོ་དཔེ་ཆ་བ་ཡག་པོ་ཡང་མང་པོ་ཡོད་པ་རེད་ཅེས་བཀའ་སྩལ་འདུག ལྷག་པར་གཞོན་སྐྱེས་ཤིག་གིས་སློབ་ཕྲུག་ལ་མཚོན་ན་གྲུབ་འབྲས་ཞེས་པ་དེ་གང་ལ་ངོས་འཛིན་དགོས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལམ་དུ། སློབ་སྦྱོང་བྱ་རྒྱུ་མི་ཡག་ཤོས་རེད། སློབ་སྦྱོང་ཞེས་པ་དེ་ཡིག་ཐོག་ཡོད་པ་ཙམ་ཞིག་ལ་ཆ་བཞག་རྒྱུ་མིན་པར་སོ་སོས་བསམ་བློ་བཏང་སྟེ། དངོས་ཡོད་གནས་ཚུལ་དང་མཐུན་མ་མཐུན་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན་ཞིང་། དཔལ་ན་ལེནྜའི་མཁས་པ་རྣམས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་ཐོག་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་ནན་སྩལ་འདུག
The post རྒྱ་གར་ནང་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་བཀའ་སྩལ་འདུག appeared first on vot.





