འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་རྒྱལ་ཡོངས་སུ་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། བོད་ནང་དུ་མཚོན་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐད་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་དང་སློབ་གྲྭ་ཁག་སྒོ་བརྒྱབ་ཏུ་བཅུག་པ་སོགས་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་སྤེལ་དང་སྤེལ་མུས་ཡིན་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་ ༢༠༢༦ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་གཞུང་གི་ཁ་ལོ་བསྒྱུར་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁོ་པ་རང་ཉིད་ལ་བློ་དད་སེམས་དཀར་བྱེད་དགོས་པའི་བཙན་བཀའ་བཏང་བ་མ་ཟད། བོད་མི་དང་ཡུ་གུར་མང་ཚོགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་ཚབས་ཆེ་ཤོས་འཕྲད་ཡོད་པ་ཕྱིར་མངོན་གནང་འདུག སྙན་ཐོའི་ནང་གསལ་བོད་ཀྱི་སྡེ་ཚན་ནང་། སྔ་ལོར་སྲིད་འཛིན་ཞི་ཅིན་ཕིང་བོད་ནང་གསང་རྒྱ་ཆེན་པོའི་ངང་བསྐྱོད་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་དེ་བཞིན་སྤྱི་ཚོགས་རིང་ལུགས་ལ་བསྟུན་དགོས་ཞེས་བཤད་དེ་ཆོས་ལུགས་ཐོག་རྒྱལ་ཁབ་ཀྱི་ཐེ་ཇུས་རྒྱ་ཆེར་གཏོང་བའི་བརྡ་བསྟན་ཡོད་པ་མ་ཟད། འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་སྐབས་སུ་བོད་ནང་ཆེས་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། ཀིརྟི་དགོན་པ་གཙོས་པའི་ཨ་མདོ་རྔ་བ་ཁུལ་གྱི་ས་གནས་ཁག་དང་གཙང་དགོན་པའི་ས་གནས་སོགས་ལ་གཞི་རྒྱ་ཆེ་བའི་དམ་དྲག་བྱས་ཡོད་པ་མངོན་གསལ་གནང་འདུག ད་དུང་སྔ་ལོར་ཟླ་ ༨ པའི་ནང་བོད་མདོ་སྨད་གཙང་དགོན་པར་བསྔོག་བཤེར་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་ཏུ་ཚུད་དེ། དགོན་པའི་དགེ་འདུན་པ་དང་འགོ་ཁྲིད་ཡོངས་ལ་བཟོད་དཀའ་བའི་གནོན་ཤུགས་སྤྲད་ཡོད་སྟབས། ཉིན་འདི་གའི་ཕྱི་དྲོ་ཙམ་ལ་དགོན་པའི་དོ་དམ་ལྷན་ཁང་གི་འགན་འཛིན་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རང་སྲོག་བཅད་ཡོད་པའི་གནས་ཚུལ་ཡང་གསལ་སྟོན་གནང་ཡོད་པ་རེད་འདུག ཕྱོགས་མཚུངས་ཕྱི་ལོ་ ༢༠༢༤ ལོར་མགོ་ལོག་ཨ་སྐྱོང་གོང་མ་ཚང་གི་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། དེའི་རྗེས་སུ་རྒྱ་གཞུང་གིས་སྤྲུལ་སྐུ་ཁོང་བོར་བརླག་ཏུ་ཕྱིན་ཡོད་ཚུལ་དང་ཕྱིས་སུ་ཕྱིའི་རྒྱལ་ཁབ་ཅིག་ནང་བཙན་བྱོལ་དུ་ཕེབས་ཐུབ་ཡོད་སྐོར། ཡང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཚུལ་སོགས་ཀྱི་གནས་ཚུལ་འདྲ་མིན་ཐོན་པའི་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཟླ་ཤས་རིང་གར་སོང་ཆ་མེད་དུ་གྱུར་རྗེས། རྒྱ་ནག་དམར་གཞུང་གིས་ལུང་སྔོན་དགོན་པའི་མཁན་པོ་གཙོས་གནད་ཡོད་མི་སྣ་བདུན་བརྒྱད་གཅིག་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་འདས་ཟིན་སྐོར་བརྗོད་པ་ཙམ་ལས་ས་གནས་གང་དུ་གང་འདྲ་སྐུ་འདས་གྲོངས་སུ་ཕྱིན་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་མ་ཟད། སྐུ་ཕུང་ཡང་རྩིས་སྤྲོད་བྱས་མེད་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་ལུང་འདྲེན་དང་འབྲེལ། དེ་ནི་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཡིན་སྐོར་ནན་བརྗོད་གནང་འདུག རྩ་བའི་ད་བར་འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཐེངས་ ༣༦ འདོན་སྤེལ་གནང་ཟིན་ཡོད་པ་དང་། སྙན་ཐོ་དེ་བཞིན་རྒྱལ་སྤྱི་ཁྱོན་ཡོངས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཀོད་ཀྱི་ཡོད་པ་མ་ཟད། ད་ལན་གྱི་སྙན་ཐོ་ནང་རྒྱལ་ཁབ་ ༩༨ ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གསལ་སྟོན་གནང་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐེངས་འདིའི་སྙན་ཐོའི་བརྒྱུད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་དང་བཤུ་གཞོག་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང་། ཧོང་ཀོང་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་དེ་དག་ཕྱིར་འཐེན་བྱེད་དགོས་པ། དེ་བཞིན་རང་དབང་ཅན་གྱི་ཞིབ་འཇུག་པ་རྣམས་བོད་དང་ཡུ་གུར་ནང་འགྲོ་འོང་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་དང་། རྒྱ་ནག་ཡོངས་ནང་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ལས་འགུལ་བ་རྣམས་གློད་བཀྲོལ་གཏོང་དགོས་ཞེས་ནན་བརྗོད་གནང་འདུག
The post རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད་པ་མངོན་གསལ། appeared first on vot.





