བོད་མིའི་སྒྲིག་འཛུགས། - Tibet Tribune

བོད་མིའི་སྒྲིག་འཛུགས།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་སྐུ་མགྲོན་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ཇར་མ་ནི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀེལ་བྷི་རན་ཌི་ (Mr. Michael Brand) མཆོག་དང་། ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) མཆོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་ (Hans-Gert Pottering) མཆོག ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་བཅས་ནས་མཛད་སྒོ་གྲུབ་མཚམས་གསར་གསོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྐུ་མགྲོན་རྣམ་པའི་ངོ་སྤྲོད་གནང་གྲུབ་མཚམས་ཇར་མ་ནི་གྲོས་ཚོགས་འཐུས་མི་མེ་ཀེལ་བྷི་ཧན་ཌི་མཆོག་གིས་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་མཚོན་པའི་བྱ་སྤྱོད་གཞན་ཁག་གཅིག་ལག་བསྟར་བྱེད་བཞིན་པ་དག་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གོ་རྟོགས་སྤེལ་དགོས་པའི་གལ་གནད་དང་འབྲེལ་དེ་ལྟར་མུ་མཐུད་གནང་རྒྱུ་ཡིན་པ་དང་། ཁོང་གིས་གལ་སྲིད་ང་ཚོས་མཉམ་རུབ་ཐོག་འཐབ་རྩོད་བྱེད་ཚེ་ཉིན་གཅིག་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་བརྗོད་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་ཡང་སེམས་ཤུགས་མ་ཆགས་དུས་ཚོད་ཅིག་འཆར་ཡོང་གི་རེད་ཅེས་བཀའ་སྩལ་བ་བཞིན་སེམས་ཤུགས་མ་ཆགས་པར་བོད་དང་འཛམ་གླིང་ཞི་བདེ་སླད་རྒྱུན་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད།དེ་རྗེས་ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱེད་བཞིིན་པ་དག་ནི་ནག་ཉེས་ཆེན་པོ་ཞིག་ཡིན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བྱ་སྤྱོད་དེ་དག་ལ་ངོ་རྒོལ་དང་སྐྱོན་བརྗོད་གནང་དགོས་པ་དང་། དེ་བཞིན་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་སྲིད་བྱུས་གཞན་ཁག་ལ་བསྒྱུར་བཅོས་གཏོང་རྒྱུའི་ཆེད་ཚང་མས་མཉམ་རུབ་ཐོག་འབད་བརྩོན་བྱེད་དགོས་པ་ནི་གལ་ཆེན་པོ་ཡིན་པ་གསུངས་ཡོད། དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧན་སེ་གྷར་ཊི་པོ་ཊེ་རིང་མཆོག་གིས་བོད་མི་མཚོན་པའི་འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ཡིད་ཆེས་ཡོད་ཅེས་དང་། འགྲོ་བ་མི་སྤྱི་ཡོངས་ཀྱི་ངོ་བོ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་ནས་འགྲོ་བ་མི་སྤྱི་ཡོངས་ཀྱི་ཆེ་མཐོང་དང་ངོ་བོར་བརྩི་བཀུར་བྱེད་དགོས་པ་དང་། འགྲོ་བ་མིའི་ཆེ་མཐོང་དང་། རང་དབང་། མང་གཙོ། ཁྲིམས་ལུགས་དབང་བསྒྱུར་བཅས་སྲུང་སྐྱོབ་བྱེད་རྒྱུ་ནི་ད་ལྟ་དང་མ་འོངས་པར་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་གསུངས་ཡོད།མཐར་ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ཝི་ལམ་སི་མཆོག་གིས་ལ་ཊི་ཝེ་ཡ་དེ་བཞིན་དམར་ཤོག་གཞུང་འོག་ལོ་ངོ་ ༥༠ རིང་གནས་དགོས་བྱུང་ཡོད་ཀྱང་ད་ལྟའི་ཆར་རང་དབང་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་བསོད་ནམས་ཆེན་པོ་ཡིན་ཞེས་དང་།...

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །བོད་རྒྱལ་ཁབ་འདི་སྲིད་པ་ཆགས་པ་ནས་རིམ་པས་ཆབ་སྲིད་དང་། འཛིན་སྐྱོང། ཁྲིམས་ལུགས་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་པ་ལས། གཞན་གྱི་དབང་འོག་ཏུ་ཡེ་ནས་མེད་པའི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང། དེང་རབས་ཡོངས་གྲགས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་འགྲེལ་བརྗོད་དང་མཐུན་ལ། དེང་སང་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ལས་ལྷག་པའི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་སེར་སྐྱ་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར། མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་འཛུལ་བ་རྒྱ་དམར་གྱི་སྲིད་བྱུས་དང་དྲག་དཔུང་ལ་ངོ་རྒོལ་གྱིས་རང་དབང་སྒེར་ལངས་ཆེན་མོ་ཞིག་བྱས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ནི་བོད་མི་ཡིན་ནོ་ཅོག་གིས་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཚིགས་གལ་ཆེན་ཞིག་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། ད་བར་བོད་རྒྱལ་ཁབ་མི་རིགས་རང་དབང་དང་བཅས་པའི་དོན་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམས་དང་། ད་ལྟའང་རྒྱ་དམར་གཞུང་གི་ཁྲིམས་གཅོད་ཀྱིས་མིང་འདོགས་སྣ་ཚོགས་འོག་དཀའ་སྡུག་ཚད་མེད་བསམ་ཡུལ་ལས་འདས་པ་མྱོང་བཞིན་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་དང་། རྒྱལ་གཅེས་ལྷག་བསམ་བཅས་པར་བསྔགས་བརྗོད་དང་སྦྲགས་འདས་གསོན་དེ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་རང་ཡུལ་རང་དབང་སླར་གསོའི་རྒྱལ་ཁ་མྱུར་དུ་འཐོབ་ཅིང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་གཏན་དུ་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་བསྐྱེད་རིང་ལུགས་པའི་བཙན་དབང་འོག་གི་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་ཐོབ་པའི་དུས་དེར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐབས་དེའི་ཆབ་སྲིད་དང་གནས་སྟངས་མང་དག་ཅིག་གི་གོ་སྐབས་བླངས་ཏེ་བོད་ཐོག་དྲག་པོའི་བཙན་འཛུལ་བྱས་མཐར་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ནས་ད་བར་མི་ལོ་ ༧༧ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་གཉིས་ལྷག་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཤིང་། འཆར་གཞི་དེ་ཉིད་ལག་བསྟར་མྱུར་དུ་གཏོང་ཕྱིར་རྒྱ་དམར་གཞུང་གིས་བོད་ཕྲུག་གྲངས་ལས་འདས་པ་སོ་སོའི་ཕ་མ་དང་རང་ཁྱིམ་ནས་བཙན་གྱིས་འཁྲིད་དེ་བཅའ་སྡོད་སློབ་གྲྭར་འཇུག་རྒྱུའི་ཐབས་ལམ་ངན་པ་དེ་འདྲ་ལག་བསྟར་གྱིས་བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། རྒྱ་ནག་གི་འགོ་འཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་ཡོད་པ་ནི་སྐྱེ་བོ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།...

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོར་བཀའ་ཤག་གི་གཏམ་བཤད།

༄༅། །དེ་རིང་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་རྒོལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་སྦྱོར་ངན་འགོག་ཆེད། ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་ཞུམ་པ་མེད་པའི་སྒོ་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། བཀའ་ཤག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ད་ལྟའང་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་སེམས་ཤུགས་རི་རབ་བཞིན་བརྟན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། མཛད་སྒོ་འདིའི་ཐོག་ང་ཚོ་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་མཁན་སྐུ་མགྲོན་རྣམ་པ་དང་། འཛམ་གླིང་འདིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔ་ལོར་བཀའ་ཤག་གིས་༸རྒྱལ་བའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་བཞིན་པ་འདིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདི་གོ་ལའི་ཁྱིམ་ཚང་ཆེན་པོར་ཁྱབ་སྤེལ་བརྒྱུད། ང་ཚོས་གར་སྙོབ་ཀྱི་མི་རེ་ངོ་རེའི་སེམས་རྒྱུད་བྱམས་བརྩེས་བརླན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་ཤེས་རབ་བསྐྱེད་ཅིང་། འགྲོ་བ་མིའི་ཐུན་མོང་གི་མངོན་འདོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་འབྱུང་ཁམས་དོ་སྙོམས་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་ཞི་བདེ་བག་ཕེབས་ངང་གནས་ཐབས་ཀྱི་གདམ་ངག་གང་ཐུབ་ཅི་ཐུབ་ཀྱིས་ངོ་སྤྲོད་ལ་དམིགས་པ་ཞིག་ཡིན། ང་ཚོས་ཡིད་ཆེས་བློས་འགེལ་བྱེད་ཆོག་པ་ཞིག་ནི། འཇམ་མགོན་མི་ཕམ་གྱི་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས། བྱམས་པའི་སྟོབས་ནི་སེམས་ཅན་ཀུན་སྐྱོབ་པའི་སྦྱོར་བ་མི་གཏོང་བ་ཞེས་གསུངས་པ་ལྟར། སེམས་ཅན་ཀུན་ལ་ཁྱབ་པའི་བྱམས་པ་དང་། ཐམས་ཅད་ལ་བདེ་བ་སྒྲུབ་པའི་བྱ་བ་བློས་མི་གཏོང་བའི་༸གོང་ས་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདིས། ཉོན་མོངས་དུག་གསུམ་གྱིས་མྱོས་པའི་རྒྱ་དམར་གུང་ཁྲན་གཞུང་དང་། དེའི་དབང་འཛིན་པ་རྣམས་ཀྱི་སྡང་དང་གདུག་པའི་བློ་ངན་ཞི་སྟེ་མཛའ་བའི་དཔལ་ལ་སྦྱོར་རྒྱུ་ཡིན་པའང་དུས་ཚོད་སྔ་ཕྱི་ཙམ་ལ་ཐུག་ཡོད། ད་ལྟའི་ཆར། རྒྱ་གཞུང་གིས་ཧན་མི་རིགས་མ་ཡིན་པའི་བོད་མིས་མཚོན་མི་རིགས་ཚང་མ་རྟོག་བཟོ་བྱས་པའི་”ཀྲུང་ཧྭ་མི་རིགས་”ཀྱི་གྲུབ་ཆ་ཡིན་ལུགས་བཙན་འགེལ་གྱིས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་”དགོས་ལུགས་བསྒྲགས་ཏེ། རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་ཡོངས་རྫོགས་བཀོལ་སྤྱོད་ཀྱིས། བོད་ནང་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་བའི་སྲིད་ཇུས་གཞི་རྒྱ་ཆེ་ཞིང་གཏིང་ཚུགས་པའི་སྒོ་ནས་ལག་བསྟར་བྱེད་བཞིན་པ་སྟེ།  ཀ    བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཚོད་འཛིན་དང་དམར་པོའི་ལྟ་སྤྱོད་ཀྱིས་ཀླད་པ་ཁྲུས་བཤལ་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་སོགས་ནས་མི་རིགས་བཙན་བསྒྱུར་དང་།...

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ལེགས་པར་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand) མཆོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཙོས་པའི་རྒྱལ་ཁབ་ ༣༢ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠༦ བཅས་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་ཡོད།དེ་ཡང་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་དང་། ཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་། སྐུ་ཞབས་བྷི་རེནྜ་མཆོག་གིས་འདིར་ཕེབས་པའི་རྒྱལ་ཁབ་དང་མི་རིགས་ཆེད་དུ་ཉིན་མཚན་མེད་པ་སྐུ་ལས་བསྐྱོན་མཁན་རྣམས་ལ་བསྔགས་བརྗོད་དང་སྦྲགས་ད་ལྟའི་འཛམ་གླིང་ནང་གཞི་རྩའི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པ་དེར་དོ་སྣང་དགོས་གལ་ཡིན་པ་དང་། འགྱུར་འགྲོས་དེའི་ཁྲོད་རྒྱལ་ཁབ་དང་མི་རིགས་ཁག་གཅིག་ལ་དོ་ཕོག་སྤྲོད་ཀྱི་ཡོད་ཀྱང་ང་ཚོར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་ཡོད། ཅེས་དང་། ང་ཚོས་བོད་ནང་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་དག་རྒྱལ་སྤྱིའི་སྟེང་ཞུ་གཏུག་གནང་དགོས་ཀྱི་ཡོད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། དེར་འཕྲད་བཞིན་པའི་དཀའ་ངལ་སྐོར་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས་ཀྱི་ཡོད། རྒྱ་ནག་སྲིད་གཞུང་ནང་ཁུལ་ཉེན་ཁ་དང་བརྟན་ལྷིང་མེད་པ་རྒྱལ་སྤྱིའི་མངོན་གསལ་མཐོང་ཐུབ། ལྷག་པར་རྒྱ་ནག་གིས་ཧོང་ཀོང་མི་རིགས་དང་། རྒྱ་ནག་གི་མི་རིགས་བཅས་ལ་བྱེད་བཞིན་པའི་སྡུག་སྦྱོང་དང་མནར་གཅོད། དེ་བཞིན་རྒྱལ་མཚམས་ལས་བརྒལ་ཏེ་དྲག་སྤྱོད་བྱེད་བཞིན་དེ་དག་ནི་རྒྱ་ནག་གི་སྟངས་འཛིན་ཡག་པོ་མེད་པའི་རྟགས་མཚན་ཡིན། རྒྱ་ནག་གིས་ནང་ཁུལ་དབང་ཆའི་འཐབ་རྩོད་དང་རྩོད་རྙོག་དེ་ལས་ཁ་གཡོལ་ཏེ་ཕྱིའི་རྒྱལ་ཁབ་ལ་དྲག་རྒོལ་བྱེད་བཞིན་ཡོད། རྒྱ་ནག་ཆེད་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཕྱིའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་ཐེ་ཚོམ་མེད། ཅེས་གསུངས་ཏེ་རྒྱལ་སྤྱིའི་སྟེང་བོད་ཀྱི་ཐུན་མོང་མ་ཡིན་པ་དང་རྩ་ཆེ་བའི་རིག་གཞུང་ཐད་ཀྱི་དྲག་སྤྱོད་ལ་སེམས་འཚབ་དགོས་པའི་གནས་སྟངས་ཤིག་ཏུ་ལྷག་ཡོད་པ་དེ་ར་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་།དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ཀྱི་ཕྲུ་གུ་རྣམས་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཏུ་བཙན་འཇུག་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་དང་སྐད་སིམ་ཡལ་གྱི་སྲིད་བྱུས་ཡིན་པ་འགྲེལ་བརྗོད་གནང་མཐར་རྒྱལ་སྤྱིའི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་རིགས་དང་། རིག་གཞུང་།...

བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༧ བསྐོང་ཚོགས་གནང་བ།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༩ ཉིན་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་ཚོགས་གཙོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༧ ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལས་ཁུངས་སུ་བསྐོང་ཚོགས་གནང་ཡོད། དེ་བཞིན་ཚོགས་པའི་འགན་འཛིན་ལྷན་ཚོགས་འདིར་ཚོགས་པའི་འགན་འཛིན་གཞོན་པ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་དབུས་བོད་མིའི་ངལ་སེལ་ཚོགས་པའི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཚོགས་པའི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཚོགས་མི་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས། ཚོགས་མི་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། ཚོགས་མི་སམ་བྷོ་ཝཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། ཚོགས་པའི་དངུལ་གཉེར་ཟླ་བ་ལགས་བཅས་ཚོགས་ཞུགས་གནང་ཡོད། ཚོགས་འདུའི་ཐོག་དེ་སྔོན་ཚོགས་འདུའི་གྲོས་ཆོད་གཏན་འབེབས་དང་ལག་བསྟར་ཇི་ཞུས། ཚོགས་པའི་རྩིས་ལོ་ ༢༠༢༤༌༌༌༢༠༢༥ ལོའི་ཆེས་མཐོའི་རྩིས་ཞིབ་པས་ (charter accountant) རྩིས་ཞིབ་གནང་བའི་སྙན་ཐོ་དང་། རྩིས་ལོ་ ༢༠༢༥༌༌༌༢༠༢༦ ལོའི་བར་བརྒལ་བཀའ་འཁྲོལ་ཇི་ཞུས་ཀྱི་རྩིས་ཁྲ་བཅས་སྙན་གསན་དང་བཀའ་བསྡུར། དེ་བཞིན་རྩིས་ལོ་ ༢༠༢༦་་་༢༠༢༧ ལོའི་སྔོན་རྩིས་འཆར་འབུལ་བཀའ་བསྡུར་དང་བཅས་གྲོས་ཆོད་གཏན་འབེབས་ཀྱིས་བཀའ་འཁྲོལ་གནང་ཡོད།།

ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༢ པའི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༣།༤༥ ཐོག་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝུ་ པེ་ ཡི་ (Wu Pei Yi) མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཤིང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་བཀའ་བསྡུར་ལྷུག་པོ་གནང་སོང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་ཐའེ་ཝན་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ནང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཤེན་ ཧྥ་ ཧུ་  (Shen Fa Hu) མཆོག་དང་། ཐའེ་པེ་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་ ཁྲེན་ ཅང་ (Lee Chen Chang) ལགས། ལྕམ་སྐུ་མེའོ་ པོ་ ཡ་ (Miao Po...

གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀེའུ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་སྲུང་བརྩི་ཞུ་བཞིན་ཡོད། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། ལོ་རྒྱུས་ཀྱི་གནས་བབ་དྲན་གསོ་དང་། བོད་ས་མ་ཤོར་བའི་སྐབས་ནས་བོད་སྤྱི་པའི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་ཡོངས་ལ་དྲན་གསོ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཕྱི་ལོ་ ༡༩༨༧།༡༩༨༨།༡༩༨༩...

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་མཆོག་དང་མཇལ་འཕྲད་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་སོང་། དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། བྷལ་ཊིག་མངའ་ཁུལ་གྱི་ལ་ཊི་ཝེ་ཡ་རྒྱལ་ཁབ་དང་ང་ཚོའི་དབར་འབྲེལ་བ་ཤུགས་ཆེན་པོ་བྱུང་བ་དང་། དེ་ཡང་ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ལ་ཊི་ཝེ་ཡའི་རྒྱལ་ས་རི་གྷར་ཚོགས་ཐུབ་ཡོད་པ་དང་། སྐབས་དེ་དུས་ལ་ཊི་ཝི་ཡའི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེ་ནི་སི་ མར་ཊིན་ སི་ཀུ་ཇཱ་ (Mr. Janis Martin Skuja) མཆོག་བཅས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་སྐོར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། ང་ཚོ་རྒྱ་གར་ནང་བཙན་བྱོལ་ལ་གྱར་ནས་ད་བར་ལོ་ངོ་ ༦༧ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་འོག...

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་ཐོག་གཏན་འབེབས་གནང་བའི་དྷ་རམ་ས་ལའི་སྤྱི་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༧ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་སྒྲུབ་པ་དང་བསྟུན། སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀའི་མུལ་ལར་ (kai muller) ལགས་བཅས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད། དེ་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཀའི་མུལ་ལར་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་དབུ་འབྱེད་མཛད་སྒོར་རྒྱལ་ཁབ་ ༣༢ ནས་ཚོགས་མི་ ༡༠༠ ལྷག་མཉམ་འཛོམས་ཀྱིས་གཏན་འབེབས་གནང་བའི་དྷ་རམ་ས་ལ་ཡོངས་ཁྱབ་བསྒྲགས་གཏམ་ཞེས་པ་ཞིག་སྒྲོགས་སྦྱང་གནང་བ་དང་། དེའི་ནང་གཙོ་བོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ནས་བོད་མི་ཚོའི་རིག་གཞུང་སྲུང་སྐྱོབ་དང་བོད་དོན་འཐབ་རྩོད་ཐོག་སེམས་ཤུགས་དང་ཆོད་སེམས། དེ་བཞིན་ཞི་བའི་འཐབ་རྩོད་ཀྱི་ལམ་ལ་ཡི་རང་བསྔགས་བརྗོད་དང་འབྲེལ། རྒྱལ་སྤྱིའི་དཀའ་རྙོག་འགོག་ཐབས་སླད་རྒྱལ་སྤྱིའི་སྤྱི་ཚོགས་ནས་དེ་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢ ཉིན་དགའ་ལྡན་ཕོ་བྲང་མུ་མཐུད་གནས་ངེས་ཡིན་པ་དང་ཡང་སྲིད་མུ་མཐུད་ཕེབས་རྒྱུའི་ཞལ་བཞེས་བཀའ་བཟང་སྩལ་བ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པའི་གསལ་བསྒྲགས་བསྐྱངས་གནང་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བསྒྲགས་གཏམ་དེར་སྤྱི་མོས་ནས་རྒྱབ་སྐྱོར་དང་ཡང་སྲིད་ཀྱི་གནད་དོན་ཐོག་བསྒྲགས་གཏམ་འདི་ཉིད་མཐའ་མའི་ཐག་གཅོད་དེ་ཡིན་པར་ངོས་འཛིན་ཞུས་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་ཕྱོགས་ཀྱི་བྱ་བར་ཐེ་བྱུས་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་ལུགས་དང་ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། དེ་འདྲ་བའི་ཐེ་བྱུས་ལ་མུ་མཐུད་ངོ་རྒོལ་དང་གདོང་ལེན་བྱ་རྒྱུ་ཡིན་པ་འཁོད་ཡོད། མ་ཟད་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་ཁོ་ན་དེ་ཡིན་པ་ངོས་འཛིན་དང་དེ་ལ་རྒྱབ་སྐྱོར་གནང་བ་དང་། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་སྤྱི་དམངས་ཚོགས་སྡེ་ཁག་ནས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ཞིག་ཏུ་ངོས་འཛིན་གྱིས་འབྲེལ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་བགྲོ་གླེང་ཞིབ་ཚགས་བྱེད་དགོས་པ་དང་། བོད་དོན་འཐབ་རྩོད་དང་བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་ལ་གཡོ་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱེད་པའི་བོད་ཀྱི་དབུ་ཁྲིད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཐད་ཀའི་གྲོས་མོལ་བསྐྱར་འཛུགས་དགོས་པའི་འབོད་སྐུལ་ཞུས་ཡོད། མཐར་བོད་དོན་ཐོག་དྲང་བདེན་དང་རྒྱུན་གནས་ཐུབ་པའི་ཐག་གཅོད་མ་བྱུང་བར། རྒྱལ་སྤྱིའི་ཐོག་ཞུ་གཏུག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དག་ཡིག་ཚགས་སུ་ཉར་བ།...

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་བསྐོང་ཚོགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་རྒྱལ་ཁབ་མི་འདྲ་བ་ ༣༢ ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠༥ ལྷག་ཙམ་ལྷན་འཛོམས་གནང་ཡོད།ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་སྟེ་ཐེངས་འདིའི་དམིགས་བསལ་ཚོགས་འདུའི་སྐོར་ངོ་སྤྲོད་དང་འབྲེལ་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་གྱི་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་རིམ་དང་བསྟུན་ནས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་རྒྱུ་དང་སྦྲགས། འཛམ་གླིང་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གོ་སྒྲིག་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་རྗེས་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྣང་གསལ་མར་མར་ཞལ་ཕྱེ་དང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་རི་ཅཌ་གྷིར་ལགས་ཀྱིས་བརྙན་ཐུང་བརྒྱུད་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གཟིགས་འབུལ་ཞུས། བརྙན་ཐུང་དེའི་ནང་སྐུ་ཞབས་རི་ཅཌ་གྷིར་ལགས་ཀྱིས་བོད་དོན་འཐབ་རྩོད་དེ་མི་ཆ་ཚང་བཅིངས་གྲོལ་ཐོབ་ཆེད་ཀྱི་དུས་ཡུན་རིང་པོའི་འཐབ་རྩོད་ཅིག་ཡིན། ལས་འགུལ་འདི་ནི་ཆབ་སྲིད་དང་། སྤྱི་ཚོགས། རིག་གཞུང་དང་བཅས་འབྲེལ་བ་ཡོད་པ་གང་ཞིག་འཛམ་གླིང་ཡོངས་ཁྱབ་ཀྱི་ལས་འགུལ་ཞིག་རེད། དེར་ང་ཚོ་ཚང་མས་མཉམ་རུབ་ཐོག་ཕྱག་ལས་གནང་དགོས་ཞེས་གསུངས།དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་པ་དང་སྦྲགས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱལ་ཁ་དེས་ཁོང་གིས་འདས་པའི་ལོ་ལྔའི་རིང་གི་ཕྱག་ལས་གནང་བ་དེར་བོད་མི་ཚོའི་རྒྱབ་སྐྱོར་ཡོད་པ་བསྟན་གྱི་ཡོད་པ་དང་། བོད་མི་རྣམས་བོད་དོན་འཐབ་རྩོད་ཐོག་རྡོག་རྩ་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཡོད་པ་མཚོན་གྱི་ཡོད། ཅེས་དང་། ད་ལྟའི་འཛམ་གླིང་ནང་ཛ་དྲག་དང་ངེས་མེད་ཀྱི་གནས་སྟངས་ལ་མ་ལྟོས་པར་རྒྱལ་ཁབ་མི་འདྲ་བ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་མཉམ་ཞུགས་གནང་བ་དེས་ཁྱེད་ཚོའི་སེམས་ཤུགས་དང་ལྷག་བསམ་གསལ་པོར་བསྟན་ཐུབ་ཀྱི་ཡོད་ལ། དེ་ལྟ་བུའི་སེམས་ཤུགས་དང་ལྷག་བསམ་མུ་མཐུད་གནས་ཐུབ་ཚེ་ང་ཚོའི་དམིགས་ཡུལ་གྲུབ་ངེས་ཡིན། ཞེས་གསུངས་རྗེས་ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐོར་ངོ་སྤྲོད་གནང་སྐབས་ཐོག་མར་ཕྱི་ལོ  ༡༩༥༩ ལོར་རྒྱ་གར་ནུབ་བྷང་གལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་བོད་དོན་ལྷན ཚོགས་ཐེངས་དང་པོ་དེ་ཚོགས་པ་དང་། དེ་ནས་བཟུང་ཚོགས་པ་གཞན་ཁག་གིས་བོད་དོན་རྒྱབ་སྐྱོར་གནང་འགོ་ཚུགས་ཡོད་པ་དང་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སུམ་ཅུ་ཙམ་ཡོད་པ་འགྲེལ་བརྗོད་གནང་།དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙིང་དོན་གསུང་བཤད་གནང་ཞིང་། ཁོང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐོག་མར་འབྲེལ་བ་དེ་ཕྱི་ལོ་...

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་དང་། ལས་འཆར་འགན་འཛིན་རྣམ་པ་གཉིས་དང་མཇལ་འཕྲད་...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ ཇོ་སེ་ཧྥི་ (Brian Joseph) ལགས་དང་། བསྟི་གནས་ཁང་གི་ལས་འཆར་འགན་འཛིན་པདྨ་ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་སོང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཐོག་ནས་བོད་མིའི་མང་གཙོ་སྲ་བརྟན་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་བཅས་སྲུང་སྐྱོབ་ཐོག་ད་བར་མཐུན་འགྱུར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དང་། དགུ་པར་དཔལ་འབྱོར་གྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས། ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon Wilson) ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་། འགན་འཛིན་ཟུར་པ་སྐུ་ཞབས་ཀལ་ གྷར་ཤ་མན་ (Mr. Carl Gershman) ལགས་ཀྱིས་ཀྱང་གསུང་བཤད་ཀྱི་ལས་རིམ་ཞིག་གཙོ་སྐྱོང་གནང་ཡོད་པ་སོགས་ཁོང་རྣམ་གཉིས་ནི་དུས་རྒྱུན་ནས་བོད་དོན་ཐོག་དམིགས་བསལ་གྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ། ལྷག་པར་ཚོགས་པའི་འགན་འཛིན་སྐུ་ཞབས་ཌ་མོན་ ཝིལ་སན་ (Damon...

དབུས་བོད་མིའི་ངལ་སེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡༧ བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་དབུས་བོད་མིའི་ངལ་སེལ་ཚོགས་པའི་འགན་འཛིན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ནང་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དུ་དབུས་བོད་མིའི་ངལ་སེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡༧ བསྐོང་ཚོགས་གནང་ཡོད། སྐབས་དེར་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛིན་པདྨ་ལགས་དང་། འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཚོགས་མི་བློ་བཟང་བསྟན་འཛིན་ལགས། ཚོགས་མི་བདེ་སྐྱིད་སྒྲོལ་དཀར་ལགས། ཚོགས་མི་བསྟན་འཛིན་རྣམ་གྲོལ་ལགས། དངུལ་གཉེར་བསོད་ནམས་སྟོབས་རྒྱལ་ལགས་བཅས་ཚོགས་ཞུགས་གནང་ཡོད། དེ་ཡང་ཚོགས་འདུའི་ཐོག་དེ་སྔོན་ཚོགས་འདུའི་ཟིན་ཐོ་དང་ལས་གཞི་ལག་བསྟར་གནང་སྒོ་ཁག་ལ་བསྐྱར་ཞིབ་དང་། དབུས་བོད་མིའི་ངལ་སེལ་ཚོགས་པའི་རྩིས་ལོ་ ༢༠༢༦་་༢༧ ལོའི་སྔོན་རྩིས་འཆར་གཞི་བཀའ་འཁྲོལ་དང་། རྩིས་ལོ་ ༢༠༢༦་་༢༧ ལོའི་ཁྲིམས་ཀྱི་སློབ་སྟོན་པ་དང་ཆེས་མཐོའི རྩིས་ཞིབ་པ་བཅས་བསྐོ་བཞག་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠་་༡༢ བར་གྱི་ལས་བྱེད་འདེམས་བསྐོ་དང་། གནས་སྤོ། གནས་སྤར། རྒས་ཡོལ། ཆོད་གན་ཕར་འགྱངས་བཅས་ཀྱི་ཐོག་གྲོས་ཆོད་ཁག་གཏན་འབེབས་གནང་ཡོད། མཐར་ཚོགས་པའི་འགན་འཛིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཇུག་སྒྲིལ་ཡོད་པ་བཅས།།

ཕ་མའི་དུས་དྲན་གྱི་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།

༄༅། །ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༥ ཉིན་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱལ་ཡུམ་དམ་པ་བྱམས་བརྩེའི་བདག་ཉིད་བདེ་སྐྱིད་ཚེ་རིང་མཆོག་གི་འཁྲུངས་ཚེས་རང་རེའི་སྤྱི་ཚོགས་ཁྲོད་ཕ་མའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་གསོ་སྐྱོང་གནང་མཁན་ཕ་མ་ཡོངས་ལ་ཐོག་མར་ཕ་མའི་དུས་དྲན་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་པའི་ལོ་བཞིའི་ནང་ཕ་མའི་དུས་དྲན་ཉིན་མོའི་གསུང་འཕྲིན་ཁག་ཏུ་ངོས་ནས་ཕྲུ་གུ་ཚོའི་ཤེས་ཡོན་སློབ་གསོ་དང་། བཟང་སྤྱོད། ཟས་བཅུད་བསྟེན་སྟངས། བོད་པའི་སློབ་གྲྭར་གཏོང་རྒྱུའི་གནད་འགག འཕྲུལ་རིག་བཀོལ་སྤྱོད་སྟངས་འཛིན། མཐུན་རྐྱེན་སྦྱོར་སྤྲོད་ཞུ་ཕྱོགས། ཁྱིམ་ཚང་ཁོར་ཡུག ཕ་མས་མིག་དཔེ་བཟང་པོ་འཇོག་ཐབས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གལ་གནད་བཅས་ཀྱི་སྐོར་གཙོ་བོར་བྱས་ནས་ཞུས་ཡོད་པ་དེ་དག་ཁྱིམ་བདག་ཕ་མ་ཚོས་སོ་སོའི་གཅེས་ཕྲུག་ཆེད་དུ་དགོངས་པར་བཅངས་ཏེ་ཕྱག་བསྟར་གང་ལེགས་གནང་མུས་ཡིན་པའི་རེ་བ་ཞུ་ཡི་ཡོད། ཕ་མ་རྣམས་ཀྱི་ངོས་ནས་བོད་མི་སྤྱི་དང་། ལྷག་པར་རང་རང་སོ་སོའི་བུ་ཕྲུག་གི་མི་ཚེ་མདུན་ལམ་དང་ཤེས་ཡོན་སློབ་གསོའི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་པ་སོགས་ཀྱི་འབྱུང་རྩ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ན་ཕྲ་སྒང་ནས་བོད་དང་བོད་མིའི་རྩ་དོན་ཆེད་དུ་སྐུ་ངལ་ལ་གདོང་ལེན་མི་ཉུང་བ་ཞིག་བསྐྱོན་པའི་འབྲས་བུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་མ་ཟད། རང་གི་བུ་ཕྲུག་ལའང་༸གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ངེས་པར་གསུང་དགོས། གཤམ་གསལ་གྱི་དོན་ཚན་རྣམས་བློ་ངོར་འཇགས་ཐབས་ཀྱིས་ཕྱག་བསྟར་དོན་འཁྱོལ་ཡོང་བ་ཞུ་རྒྱུར། ཕྲུ་གུའི་དགོས་མཁོར་དཔགས་པའི་མཐུན་རྐྱེན་མཁོ་སྤྲོད་གནང་དགོས་པ་ལས་བག་མེད་ལོངས་སྤྱོད་ལྟ་བུའི་གོམས་གཤིས་ངན་པ་མི་འཇགས་པ་གཙོ་འདོན་གནང་དགོས། ཕྲུ་གུ་ནང་ཁུལ་དབར་བརྩེ་སེམས་དང་། འཆམ་མཐུན། བརྩི་བཀུར། བྱམས་སྐྱོང་གི་སྒོ་ནས་མཉམ་གནས་བྱ་རྒྱུ་ལས། གཞན་ལ་བརྙས་བཅོས་སམ་ཐུབ་ཚོད་གཏོང་རྒྱུའི་རིགས་ནམ་ཡང་མི་འབྱུང་སླད་ཕྲུ་གུ་སོ་སོར་གོ་བསྐོན་སློབ་གསོ་གནང་གལ། དགེ་ལས་ཕ་མ་ཡོངས་ནས་གཤིས་སྤྱོད་འཚུབ་པོ་དང་། གཤིས་སྤྱོད་ངན་པའི་ཕྲུ་གུ་གཉིས་དབར་ལེགས་པར་དབྱེ་འབྱེད་དང་།རྒྱུས་མངའ་གཏིང་ཟབ་ལྡན་པའི་ཐོག་ནས་སློབ་སྟོན་རམ་འདེགས་གནང་རྒྱུ། ཕྲུ་གུར་བསླབ་བྱ་ཁོ་ན་བསྐྱོན་པ་ལས་ཕ་མ་རང་ཉིད་ནས་སྒོ་གསུམ་གྱི་བྱ་སྤྱོད་བཟང་པོ་ཞིག་ལག་བསྟར་གྱིས་མིག་དཔེ་སྟོན་ཐུབ་ཚེ་འབྲས་བུ་གནད་དུ་སྨིན་པ་ཞིག་ཡོང་ངེས། ཕྲུ་གུའི་རྒྱུད་ལ་ཆུང་བྱིས་པའི་དུས་ནས་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་ཐབས་བཟོ་གལ། ཕྲུ་གུ་ཚོའི་ཕྱོགས་ཡོངས་ཀྱི་འཚར་ལོངས་དང༌། འཕྲལ་ཕུགས་ཀྱི་བསམ་བློ་གོང་འཕེལ་གཏོང་ཆེད་ཕ་མ་དང་། དགེ་རྒན། སློབ་གྲྭའི་འཛིན་སྐྱོང་བཅས་མཉམ་རུབ་ཀྱི་ཐོག་ནས་ལས་དོན་ལ་འཇུག་རྒྱུར་གལ་འགངས་ཆེ། ཤེས་བྱའི་རིག་པའི་གནས་ལ་ཕྱུག་ཅིང་། ཡ་རབས་བཟང་སྤྱོད་ལྡན་པའི་བོད་ཕྲུག་ཚད་ལྡན་ཞིག་ཆགས་རྒྱུར་སྒོ་ཀུན་ནས་འབད་བརྩོན་ཧུར་སྐྱེད་གནང་གལ། བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། བྱེ་བྲག་ཏུ་ནང་པ་སངས་རྒྱས་པའི་བཀའ་བསྟན་ཡོངས་སུ་རྫོགས་པ་འགྲེལ་བརྗོད་ཐུབ་མཁན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཁོ་ན་ཡིན་པས། རང་རེའི་ན་གཞོན་གཙོ་བོར་གྱུར་པའི་བོད་མི་སེར་སྐྱ་བགྲེས་གཞོན་མཆོག་དམན་ཀུན་གྱིས་སྦྱངས་བརྩོན་ལྷོད་མེད་གནང་སྐྱོང་ཡོང་བ་མ་ཟད།...

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཆོས་དང་རིག་གཞུང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༩༨ བསྐོང་ཚོགས་གནང་བ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཆོས་དང་རིག་གཞུང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་བཅུ་གོ་བརྒྱད་པ་བསྐོང་ཚོགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་གོང་གསལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག ཚོགས་མི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་དབུས་བོད་མིའི་ངལ་སེལ་ཚོགས་པའི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཚོགས་མི་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས། ཚོགས་མི་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། ཚོགས་པའི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཚོགས་པའི་རྩིས་དཔོན་ཟུང་དྲུང་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ལྷན་ཞུགས་གནང་ཡོད། ཚོགས་འདུའི་ཐོག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་བཅུ་གོ་བདུན་པའི་གྲོས་ཆོད་གཏན་འབེབས་དང་། ཚོགས་འདུ་ཐེངས་ ༩༦ པར་གཏན་འབེབས་གྲོས་ཆོད་ཁག་ལ་ལག་བསྟར་ཇི་ཞུས། ཚོགས་པའི་རྩིས་ཞིབ་ཀྱི་སྙན་ཐོ། རྩིས་ལོ་ ༢༠༢༥་་༢༦ ལོའི་བར་བརྒལ་བཀའ་འཁྲོལ་ཇི་ཞུས་ཀྱི་རྩིས་ཁྲ། རྩིས་ལོ་ ༢༠༢༦་་་་༢༠༢༧ ལོའི་སྔོན་རྩིས་འཆར་འབུལ། རྩིས་ལོ་ ༢༠༢༥་་་༢༦ ལོའི་རྩིས་ཞིབ་པ་དང་འབབ་ཁྲལ་སློབ་སྟོན་པ་བསྐོ་གཞག འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསྐྱར་བསྐོ་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་བཅས།། 

སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བསྒྲུབ་བྱ་ཕོ་མོ་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ་བ།...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ཕོ་མོ་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་སངས་རྒྱས་པའི་ཆོས་ལ་ཞུགས་ནས་དགེ་ཚུལ་སློང་བསྒྲུབས་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་གི་སེམས་ཤུགས་ཡག་པོ་ཞིག་སྐྱེད་དགོས། དཔེར་ན། ངོས་རང་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཡིན་བསམ་པ་ཞོགས་པ་གཉིད་སད་པ་དང་ང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་ཡིན་བསམ་པའི་བསམ་བློ་དེ་རྟག་པར་འཁོར་གྱི་ཡོད། དེར་བརྟེན་ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་ཡིན་བསམ་པའི་འདུ་ཤེས་གསལ་པོ་ཞིག་སེམས་ནང་དུས་རྟག་ཏུ་བཅངས་ནས་བསྡད་པ་ཡིན་ན། དེའི་ཚོད་ཀྱིས་ཕན་ཡོན་ཆེན་པོ་ཞེ་དྲགས་རེད། ད་ལྟ་སྐབས་སུ་བབ་པ་ཚེ་དང་ལྡན་པའི་དགེ་འདུན་ལ་རབ་བྱུང་ཞུ་བའི་གྲོགས་བསྟེན་མཛོད། ཅེས་དང་། གཞན་ཡང་༸མགོན་པོ་གང་ཉིད་མཆོག་གིས། ཁྱེད་རང་ཚོས་ཁྱིམ་པའི་གོས་དཀར་པོ་ཞིག་གྱོན་ནས། བསམ་བློ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཚེ་འདི་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྒོ་ནས་ཐར་པའི་གོ་འཕང་སྒྲུབས་བསམ་པའི་སེམས་ཤུགས་སྐྱེད་པའི་དོན་དུ། སྔོན་ལ་ཁྱིམ་པའི་གོས་དཀར་པོ་ཞིག་དཔྱངས་དགོས།  མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་ཆོས་ཚུལ་བཟང་པོ་ཞིག་ང་ཚོ་བོད་ལ་ཡོད་པ་རེད།  རབ་བྱུང་བསྒྲུབ་མཁན་གྱི་མཁན་པོས་གང་བྱུང་གིས་རྟགས་དང་ཆ་ལུགས་བརྗེས་པ་ཙམ་གྱིས་ཡོང་གི་མེད། གང་ལྟར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྟོན་པའི་བཀའ་ཚུལ་བཞིན་སྒྲུབ་མཁན་ཞིག དཔེར་ན། ངོས་རང་ལ་ཆ་བཞག་ན་ཞོགས་པ་གཉིད་སད་པ་དང་སྟོན་པ་བཅོམ་ལྡན་འདས་དྲན་པའི་ཐོག་ནས། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་བྱེད་བསམ་པའི་སེམས་ཤུགས་ཉིན་ལྟར་སྐྱེད་བཞིན་ཡོད།  བཙན་བྱོལ་བྱས་ནས་རང་དབང་ལུང་པའི་ནང་ལ་ང་ཚོ་སངས་རྒྱས་པའི་ཆོས་དངོས་གནས་དྲང་གནས་ཉམས་ལེན་ཡག་པོ་ཞིག་བྱེད་རྒྱུའི་གོ་སྐབས་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ ཁྱེད་རང་ཚོར་གཞན་གྱིས་ཁྲིམས་བཀལ་ནས་གྲྭ་བ་བྱེད་དགོས་ཟེར་གྱི་མེད། སོ་སོའི་འདོད་པས་དང་དུ་བླངས་ནས་དངོས་གནས་དྲང་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་། དགེ་ཚུལ་སློང་གི་སྡོམ་པ་བླངས་ནས་སྔོན་ལ་རབ་བྱུང་ཡག་པོ་ཞིག་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་སྐྱེད་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།། 

བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཅིག་པ་བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༢༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ (TAWS) འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་གཅིག་པ་བསྐོང་ཚོགས་གནང་ཡོད། སྐབས་དེར་དཔལ་འབྱོར་ལས་ཁུངས་དང་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་དང་། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཐེབས་རྩེའི་ཚོགས་མི་སྐལ་བཟང་སྲིད་ཆོས་ལགས་བཅས་ལྷན་ཞུགས་གནང་ཡོད།  ཚོགས་འདུའི་ཐོག་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩ་དང་བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ Gas Agency རྩིས་ལོ་ ༢༠༢༤་་་་༢༠༢༥ ལོའི་དངུལ་རྩིས་སྙན་ཐོ་གཏན་འབེབས་གནང་བ་དང་། རྩིས་ལོ་ ༢༠༢༥་་་༢༠༢༦ ལོའི་ལོ་འཁོར་སྔོན་རྩིས་བསྐྱར་ཞིབ་ལ་བཀའ་ཁྲོལ། རྩིས་ལོ་ ༢༠༢༦་་་་༢༠༢༧ ལོའི་སྔོན་རྩིས་འཆར་འབུལ། དེ་བཞིན་འགན་འཛིན་ལྷན་ཚོགས་ནས་གྲོས་གཞི་བཅུ་གཅིག་ཐོག་བཀའ་བསྡུར་གནང་བའི་ཁྲོད། བོད་མིའི་འཛིན་སྐྱོང་དང་སྤྱི་ཚོགས་བདེ་དོན་ཐེབས་རྩའི་ Gas Agency ལ་དགོས་མཁོ་ཆེ་བའི་རྒྱུ་དངོས་ཉོ་སྒྲུབ་བྱ་རྒྱུའི་བཀའ་ཁྲོལ་གནང་ཡོད། །

༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཐེངས་ ༡༢༢ བསྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་སུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཐེངས་ ༡༢༢ བསྐོང་ཚོགས་གནང་ཡོད། སྐབས་དེར་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་དང་། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་ངག་དབང་བསམ་གཏན་ལགས་བཅས་ཕེབས་ཞུགས་གནང་ཡོད། ཚོགས་འདུའི་སྐབས་དཔལ་འབྱོར་དང་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་དང་། སྔ་ལོའི་ཚོགས་འདུའི་ཐོག་ཐག་ཆོད་བྱུང་བའི་ཐོག་བསྐྱར་ཞིབ། རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་དགེ་རྩ་ཚོགས་པའི་དངུལ་རྩིས། རྩིས་ལོ་ ༢༠༢༥་་༢༦ ལོའི་སྔོན་རྩིས་བསྐྱར་ཞིབ་དང་བཀའ་འཁྲོལ། དེ་བཞིན་རྩིས་ལོ་ ༢༠༢༦་་༢༧ ལོའི་སྔོན་རྩིས་འཆར་གཞི་བཅས་ཀྱི་ཐོག་བཀའ་སྡུར་གནང་ཡོད། གཞན་ཡང་བུ་ལོན་སྤྲོད་འཇལ་དང་རྩིས་གསལ་སྤྲོད་བསྡད་ཀྱི་གནད་དོན་ཐད་ཀྱང་བཀའ་མོལ་གནང་ཡོད་པ་བཅས།།

ཕ་རན་སིའི་གྲོས་ཚོགས་འོག་མའི་ཚོགས་གཞོན་སྐུ་ཞབས་ཅཱལ་སི་ཀོར་སོན་མཆོག་གིས་བོད་ཀྱི་སྐད་ཡིག་སིམ་ཡལ་གྱི་སྲིད་བྱུས་ཐད་སེམས་འཚབ་བསྟན་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༢༥ ཉིན་ཕ་རན་སིའི་གྲོས་ཚོགས་འོག་མའི་ཚོགས་གཞོན་སྐུ་ཞབས་ཅཱལ་སི་ཌི་ཀོར་སོན་ (Deputy Charles de Courson) མཆོག་གིས་ཕ་རན་སིའི་ཡུ་རོབ་དང་ཕྱི་འབྲེལ་བློན་ཆེན་མཆོག་ལ་གཞུང་འབྲེལ་ཡིག་ཐོག་དྲི་རྩད་ཅིག་ཕུལ་ཏེ། རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་གོ་རིམ་ལྡན་པའི་ཐོག་ཉམས་རྒུད་གཏོང་བཞིན་པའི་ཐད་སེམས་འཚབ་བསྟན་ཡོད། དེ་ཡང་དྲི་རྩད་དེའི་ནང་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༢༦ ལོར་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་ཚུད་རྒྱུགས་ནང་བོད་ཀྱི་སྐད་ཡིག་དེ་སློབ་ཚན་གཙོ་བོའི་ཁོངས་སུ་མི་འཇུག་པའི་སྲིད་བྱུས་གསར་པའི་གནད་དོན་སྐོར་བརྗོད་ཡོད། ལས་འགུལ་འདི་ནི་རྒྱ་གཞུང་གིས་ཡུན་རིང་ནས་སྤྱོད་བཞིན་པའི་བོད་ཀྱི་སྐད་ཡིག་སིམ་ཡལ་སྲིད་བྱུས་ཀྱི་ཐབས་ལམ་གསར་ཤོས་ཤིག་ཡིན་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དེ་མི་རབས་གཅིག་གི་ནང་ཚུད་དུས་ཡོལ་ཟིན་པའི་སྐད་ཡིག་ཅིག་ཏུ་འགྱུར་བའི་ཉེན་ཁ་ཆགས་ཡོད། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་ཆེད་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་སོགས་རྒྱ་བསྐྱེད་གཏོང་བཞིན་ཡོད། དེ་ཡང་རྒྱལ་སྤྱིའི་སྙན་ཐོ་དང་། ཕྱི་ལོ་ ༢༠༢༣ ལོའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་གཞིགས་ན་བོད་ནང་ཕྲུ་གུ་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་མི་སེར་སྤེལ་ཡུལ་གཏན་སྡོད་སློབ་གྲྭ་ཁག་གི་ནང་བཙན་འཇུག་གིས་རྒྱ་ནག་གི་སློབ་གསོ་སྤྲོད་ཀྱི་ཡོད། འབུམ་རམས་པ་རྒྱ་ལོ་ལགས་ཀྱིས་ཉེན་བརྡ་བཏང་བ་ལྟར་ན། གལ་ཏེ་སྲིད་བྱུས་དེ་དག་མུ་མཐུད་ལག་བསྟར་བྱེད་ཚེ་ཕྱི་ལོ་ ༢༠༦༠ བར་བོད་མིའི་སྤྱི་ཚོགས་ཀྱི་བརྒྱ་ཆ་བདུན་ཅུ་ཙམ་རང་གི་ཕ་སྐད་མི་ཤེས་པའི་ཉེན་ཁ་ཡོད་ཅེས་གསུངས་ཡོད། དེར་སྐུ་ཞབས་ཀོར་སོན་མཆོག་གིས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་བརྩི་མེད་གཏོང་བཞིན་པའི་ལས་འགུལ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་འགན་ཁུར་དང་ལྷག་པར་རྒྱ་ནག་གིས་ཕྲུ་གུའི་ཐོབ་ཐང་ཐད་ཁས་ལེན་བྱས་པ་བཞིན་འགན་འཁུར་དགོས་པའི་ཐོག་ཕ་རན་སི་ནས་རྒྱལ་འབྲེལ་ཐབས་བྱུས་ཀྱི་ཡ་ལན་ཞིག་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། གྲོས་ཚོགས་འཐུས་མི་སྐུ་ཞབས་ཀོར་སོན་ལགས་ཀྱིས་དྲི་རྩད་ཕུལ་བའི་རྗེས་སུ་ཁོང་དང་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་བར་ལན་མང་ཐུག་འཕྲད་བྱུང་ཡོད་པ་དང་། སྐབས་དེ་དུས་ཁོང་ལ་བོད་ནང་གི་གནས་སྟངས་ཆ་ཚང་ཞིག་རྒྱུས་ལོན་ཐོབ་ཡོད། ལས་འགུལ་དེས་ཕ་རན་སི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐད་སེམས་ཁུར་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་ཐུབ་ཀྱི་ཡོད། ཡུ་རོབ་དང་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ཇཽ་ནོལ་བྷེ་རོཊ་ (Jean-Noël Barrot) མཆོག་གིས་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་ལམ་ལུགས་དེར་སེམས་འཚབ་བསྟན་ཞིང་། དེ་དག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་།...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༢༣ ཉིན་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།དེ་ཡང་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་དང་། བཞུགས་སྒར་ཁུལ་གྱི་བསྙེན་མཚམས་པ། ཚོགས་ཁོངས་གྲྭ་བཙུན་བཅས་ནས་སྒྲོལ་དཀར་ཚེ་སྒྲུབ་གྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་གསུམ་སྔོན་བཏང་གིས་དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བརྟན་བཞུགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་བརྟན་བཞུགས་ཕུལ་མཁན་རྣམས་ཀྱིས་རུ་སྒྲིག་གིས་ཕེབས་བསུ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན། ཚོགས་པ་ཁག་གཉིས་ཀྱི་འཐུས་མི་དྲུག་གིས་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་རྡོར་སློབ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད། ཚེ་འགུགས་སོགས་ཆོ་གར་རིམ་པར་གནང་ཞིང་། རྡོ་རྗེ་སློབ་དཔོན་མཆོག་དང་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་འཆི་མེད་ལགས་དང་། སུད་སི་བོད་ཀྱི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ཟམ་གདོང་བྱམས་པ་ཚེ་རིང་ལགས་གཉིས་ནས་མཎྜལ་ཚོམ་བུ་འདེགས་འབུལ་གྱིས་གསོལ་འདེབས་མཎྜལ་ཕུལ་བ་དང་། དབུ་བཞུགས་རྡོར་སློབ་མཆོག་ནས་ཞལ་འདོན་ཚིག་བསྟུན་སྐུ་གསུང་ཐུགས་རྟེན་དང་། ཚེ་བུམ་སོགས་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་ཏེ་རྡོར་སློབ་གཙོས་བརྟན་བཞུགས་གོ་སྒྲིག་པ་མི་གྲངས་ ༡༦ གིས་མཇལ་ཁ་ཞུས།མཐར་ཚོགས་པ་གཉིས་ཀྱི་ཚོགས་གཞོན་ངག་དབང་གསང་གྲོལ་ལགས་དང་། སྤེན་པ་གྲོང་གསར་ལགས་གཉིས་ནས་གཏང་རག་མཎྜལ་འདེགས་འབུལ་དང་། ཚོགས་པ་གཉིས་ཀྱི་ཚོགས་མི་བགྲེས་པ་དང་གོ་སྒྲིག་པ་མི་གྲངས་ ༢༠ མཇལ་ཁ་ཞུས་རྗེས་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐུན་མོང་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང་། ཐུགས་བསྐྱེད་རྣམ་བཞིས་མཚོན་པའི་མཛད་ཐང་བཅས་འབུལ་ལམ་དང་། གཟེངས་རྟགས་ཀྱི་མཚོན་དོན་སྙན་སྒྲོན། བོད་ཀྱི་གདུང་དབྱངས་གསོལ་འདེབས་སྙན་སྒྲོན་བཅས་ཞུས་རྗེས། ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གྱིས་བརྟན་བཞུགས་ཀྱི་གནང་སྒོ་ལེགས་པར་གྲུབ་པ་དང་། སྤྱན་རྒྱ་སྤོས་སྣེ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །  

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགུང་གྲངས་ ༨༠ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུ་རྒྱུ་དང་སྦྲགས། དམ་པ་གང་ཉིད་ནས་སྐུ་ཚེ་ཧྲིལ་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཤིང་། བོད་བསྟན་སྲིད་དང་མི་རིགས་ལ་སྲི་ཞུ་མཐར་འཁྱོངས་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། དམ་པ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་པོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༡༢ ཐོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད། དེ་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགོངས་པ་རྫོགས་པའི་སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལོ་གསར་གྱི་གུང་གསེང་ཕེབས་ཡོད་པས་དུས་ཐོག་མཆོད་འབུལ་སྨོན་ཚོགས་ཐུབ་མེད་པ་འགྲེལ་བརྗོད་གནང་། དེ་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ད་ལྟའི་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ ༨༦ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་སྐུ་མགྲོན་རྣམས་དང་ལྷན་གལ་ཆེའི་མཛད་རིམ་སྐྱོང་བཞིན་ཡོད་པས་མཆོད་འབུལ་སྨོན་ལམ་ཐོག་བཅར་ཐུབ་མེད་པ་གསུངས། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མངའ་རིས་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་ཚང་མང་བསྔོ་སྨོན་གསུང་འདོན་གནང་ཡོད། ༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས། ༡༩༤༦ ལོར། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། ༡༩༥༠ ལོར། མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འབྲས་སྤུངས་སུ་ཆོས་ཞུགས་གནང་། ༡༩༥༩ ལོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ལྷ་ས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་ ༡༩༦༩...

ཨ་ཉག་སེང་སྒྲ་ལགས་ལོ་བདུན་རྗེས་སུ་ཛ་དྲག་གནས་སྟངས་ཐོག་བཙོན་ཁང་ནས་གློད་གྲོལ་བཏང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༧ ཉིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉགག་སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་ནང་ལོ་བདུན་ལྷག་གི་བཙོན་འཇུག་དུས་ཡུན་ཚང་རྗེས་མཐར་གློད་གྲོལ་བྱུང་ཡོད། ད་ལྟའི་ཆར་རང་ལོ་ ༥༥ ལོན་པའི་ཨ་ཉགག་སེང་སྒྲ་ལགས་བོད་ཨ་མདོའི་རྐྱང་ཆད་ཡུལ་མཚོའི་རང་ཁྱིམ་དུ་ཡོད། བཙོན་འཇུག་རྐྱེན་པས་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན། ཨ་ཉགག་སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་དུ་གདུག་རྩུབ་ཚད་མེད་མྱངས་པའི་རྐྱེན་གྱིས་ཁོང་གི་མཁལ་མ་ལ་གནོད་སྐྱོན་དང་། མིག་གཤིས་སྐྱོ་བོ་ཆགས་པ། ཁྲང་ཤེད་ན་ཚ་བཅས་བྱུང་ཡོད་འདུག ཕྱི་ལོ་ ༢༠༡༨ ཟླ་བ་ ༠༩ ནང་ཁོང་བཙོན་འཇུག་བྱས་རྗེས་རྒྱ་གཞུང་གིས་གོ་རིམ་ལྡན་པའི་མནར་གཅོད་བྱས་པ་མ་ཟད། ཉིན་གྲངས་ ༤༨ རིང་ཁྲིམས་མཐུན་སློབ་སྟོན་གྱི་དབང་ཆ་སྤྲད་མེད་པ་རེད། ཁོང་གི་ནང་མི་རྣམས་ལའང་ལོ་མང་རིང་ཐུག་འཕྲད་བྱེད་མི་བཅུག་ཏེ་མཐར་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༨ ནང་ཡུད་ཙམ་ཞིག་ཐུག་འཕྲད་བྱུང་སྐབས་ཁོང་གི་གནས་སྟངས་ཛ་དྲག་པོ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད། གནས་ཚུལ་ལྟར་ན་ཁོང་བཙོན་འཇུག་རིང་ཁྲག་ཤེད་མཐོ་བོ་ཆགས་ཡོད་པའི་གནད་དོན་དེར་རྒྱ་ནག་གཞུང་གིས་དགོས་ངེས་སྨན་བཅོས་སྤྲད་མེད། མུ་མཐུད་དེ་དབང་སྣོན། གློད་གྲོལ་རྗེས་སུ་བཀག་སྡོམ་དང་དམ་དྲག རྒྱ་ནག་གཞུང་གིས་ཨ་ཉགག་སེང་སྒྲ་ལགས་སུ་བྱས་པའི་གོ་རིམ་ལྡན་པའི་བྱ་སྤྱོད་ལོག་པ་དེ་གསང་ཉར་བྱེད་ཕྱིར་གློད་གྲོལ་བཏང་བའི་རྗེས་སུའང་ཁོང་གི་འགྲོ་འདུག་ལ་བཀག་སྡོམ་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཁོང་དང་ཁོང་གི་ནང་མི་འབྲེལ་ཡོད་རྣམས་ལའང་འདྲ་པར་ཁྱབ་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད། རྒྱ་ནག་གཞུང་གིས་སྡུག་སྦྱོང་མུ་མཐུད་ནས་བྱས་པ་དེས་རྒྱ་ནག་གིས་འགྲོ་བ་མིའི་གཞི་རྩའི་ཆེ་མཐོང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་མཐོང་ཆུང་གཏོང་གི་ཡོད་པ་གསལ་གྱི་ཡོད། གང་བྱུང་བཀག་ཉར་བསྣར་རྐྱོང་། སྤྱིར་ཨ་ཉགག་སེང་སྒྲ་ལགས་ཕྱི་ལོ་ ༢༠༢༥ ཟླ་བ...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། །བོད་རྒྱལ་ལོ་ ༢༠༦༧ ལྕགས་འབྲུག་ཟླ་བ་དང་པོའི་ཚེས་ ༡༤ དང་། ཕྱི་ལོ་ ༡༩༤༠ ཟླ་བ་ ༢ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་དེ་རིང་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་ཟླ་བ་དང་པོའི་ཚེས་ ༠༥ དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༢༢ ཉིན་མི་ལོ་ཧྲིལ་པོ་ ༨༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་། སྐུ་མགྲོན་གཙོ་བོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལཱཤ་སཊ་ཡཱར་ཐི་ Kailash Satyarthi མཆོག་ནས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བྱུང་རིམ་ངོ་སྤྲོད་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་ནི་ལོ་རྒྱུས་ཐོག་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ཆེད་དུ་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། འཛམ་གླིང་གི་འགྱུར་འགྲོས་དང་ལྷན་དུ་བོད་མི་རྣམས་ཀྱིས་དཀའ་ངལ་མང་དག་ཅིག་གདོང་ལེན་བྱས་དགོས་བྱུང་ཡོད་ཀྱང་སྐབས་དེ་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་བོད་མི་རྣམས་ལ་སོ་སོའི་ངོ་བོ་དང་། ཆོས། རིག་གཞུང་ཉར་ཚགས་བྱས་ཐུབ་པ་མ་ཟད། འཛམ་གླིང་ཡོངས་སུ་ཁྱབ་སྤེལ་ཐུབ་པ་བྱུང་ཡོད། ཅེས་སོགས་གསུང་བཤད་གནང་གྲུབ་རྗེས་ཆེ་བསྟོད་སྐུ་མགྲོན་ཕི་ལི་པིན་གྲོས་ཚོགས་འོག་མའི་འཐུས་མི་ Adrian Michael A. Amatong...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ ༨༦ འཁོར་བའི་མཛད་སྒོར་བཀའ་ཤག་གི་གཏམ་བཤད།

༄༅། །དེ་རིང་ང་ཚོ་གངས་ལྗོངས་ལྷ་མི་ཡོངས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ ༨༦ འཁོར་བའི་དུས་ཚེས་ཁྱད་པར་ཅན་འདིར་དགའ་སྤྲོའི་ངང་དྲན་གསོ་ཞུ་བའི་མཛད་སྒོ་འདིའི་ཐོག །བཀའ་ཤག་ནས་གཞིས་བྱེས་སྤུན་ཟླ་རྣམ་པ་དང་། བོད་ཀྱི་གྲོགས་པོ་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ལོ་ངོ་ ༨༦ གོང་གི་བོད་རྒྱལ་ལོ་ ༢༠༦༦ རབ་བྱུང་བཅུ་དྲུག་པའི་ས་ཡོས་ཟླ་ ༦ ཚེས་ ༡ (ཕྱི་ལོ་ ༡༩༣༩།༧།༡༧) ཉིན། ལོ་ངོ་གསུམ་ཙམ་རིང་བླ་ལྷའི་ལུང་བརྟག་དང་། ཡང་སྲིད་རྩད་ཞིབ་ཀྱི་རིམ་པ་ལེགས་པར་གྲུབ་ནས་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཐུགས་གཏན་གཙང་ཁེལ་ཟིན་པའི་ཁྱེའུ་ལྷ་མོ་དོན་གྲུབ་ཡབ་ཡུམ་སྐུ་འཁོར་བཅས་གངས་ཅན་མཁས་པའི་གཙུག་རྒྱན་༸རྗེ་ཙོང་ཁ་པ་ཆེན་པོ་སྐུའི་མཚན་དཔེ་བཞད་ཡུལ་སྐུ་འབུམ་བྱམས་པ་གླིང་ནས་ཆིབས་ཞལ་བསྒྱུར་ཏེ། ས་ཡོས་ཟླ་ ༨ ཚེས་ ༢༥ (ཕྱི་ལོ་ ༡༩༣༩།༡༠།༨) ཉིན་རྒྱལ་ས་ལྷ་སའི་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཅིང་། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ (ཕྱི་ལོ་ ༡༩༤༠།༢།༢༢) ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་རྩེ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་གྱི་མཛད་སྒོ་བསྐྱངས་ཏེ། གངས་ལྗོངས་སུ་འགྲོ་བ་སྤེལ་ཅིང་། གངས་ཅན་པ་རྣམས་ཇི་སྲིད་བསྐལ་པའི་བར་གདུལ་བྱར་འཛིན་པའི་ཕྱག་ན་པདྨོའི་རྡོ་རྗེ་གཡར་དམ་གཡེལ་བ་མེད་པར་བོད་དང་བོད་མིའི་ལས་དབང་བདག་གིར་བཞེས་པའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་པས། ཆོས་ལྡན་ཞིང་གི་མཐའ་དབུས་ཡུལ་གྲུ་ཀུན་ནས་དངོས་འབྱོར་སྣ་ཚོགས་ཀྱིས་མཆོད་སྤྲིན་རྒྱ་མཚོས་མཆོག་གསུམ་མཆོད་ཅིང་། ལྷ་སྡེ་མི་སྡེ་ཡོངས་ནས་དགའ་སྐྱིད་གླུ་གར་འཁྲབ་སྟོན་དང་། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་གཏང་རག་མཆོད་བསྟོད་ཀྱིས་སྐྱ་སེར་ཕོ་མོ་རྒན་བྱིས་ཚང་མ་དུས་སྟོན་གྱི་འདུ་ལོང་གི་ཁྲོད་དུ་རེ་བའི་འོད་སྣང་གསར་པ་ཞིག་ལ་མངོན་དུ་ཕྱོགས་ཡོད། སྐབས་དེར་འཛམ་གླིང་ཧྲིལ་པོ་དམག་ཆེན་གཉིས་པའི་སྨག་རུམ་གྱིས་བསྟུམས་ཡོད་པ་དང་།...

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ཧ...

༄༅། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ལྔའི་ཐོག་བོད་ཀྱི་རྒྱལ་སར་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༨༦ འཁོར་བའི་སྐལ་བཟང་ཉིན་མོར་བོད་མི་རྩམ་ཟན་པ་ཡོངས་དང་། དད་ལྡན་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱི་ཚབ་ཞུས་ཏེ་གུས་ཕྱག་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་ ༥ ཚེས་ ༥ ཉིན་བོད་མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་ཁྱེའུ་ལྷ་མོ་དོན་གྲུབ་གང་ཉིད་བོད་གཞུང་ཡང་སྲིད་བརྩད་གཅོད་ཚོགས་ཆུང་ནས། ལྷ་མོའི་བླ་མཚོ་སོགས་ཀྱི་ལུང་བསྟན་གཞིར་བཟུང་བསྲེགས་བཅད་བརྡར་བའི་གསེར་བཞིན་རྩད་ཞིབ་བརྟག་པ་ནན་ཏན་གནང་སྟེ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཐུབ་པ་དང་། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཐུགས་གཏན་འཁེལ་བའི་བཀྲ་ཤིས་གཏམ་སྙན་ཡོངས་ཁྱབ་གསལ་བསྒྲགས་སྤེལ། བོད་གཞུང་ནས་ཕྱི་ནང་གི་དཀའ་ངལ་དུ་མར་གདོང་ལེན་གནང་སྟེ་མཐར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཁོར་དང་བཅས་བོད་ཀྱི་རྒྱལ་ས་ལྷ་སར་བདེ་བླག་ངང་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༡༩༣༩ ཟླ་ ༡༡ ཚེས་ ༢༤ ཉིན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་༸རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས་དབུ་སྐྲ་གཙུག་ཕུད་དང་དགེ་བསྙེན་གྱི་བསླབ་སྡོམ་འབུལ་བཞེས་བསྐྱངས་ཏེ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་མཚན་གསོལ་མཛད། དེ་ནས་རིམ་བཞིན་ཡོངས་འཛིན་རྣམ་པའི་དྲུང་ནས་བོད་ཡིག་འབྲི་ཀློག་ནས་དབུ་བཙུགས་ཏེ་ཆོས་འབྲེལ་སོགས་ཀྱི་གསན་བསམ་ལྷོད་མེད་མཛད། བོད་ལྕགས་འབྲུག་བོད་ཟླ་ ༡ ཚེས་ ༡༤ སྟེ་ཕྱི་ལོ་ ༡༩༤༠...

གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།

༄༅།  །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་བསྟན་བདག་བླ་ཆེན་རྣམ་པ་དང་།  བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་རང་རིགས་རྒྱ་ཆེའི་སེར་སྐྱ་མི་མང་རྣམ་པ། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་སྙིང་བཅངས་ཐོག བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁའི་ཉི་གཞོན་འཕྲལ་མར་འཆར་ཏེ་བོད་མི་ཡོངས་ལ་སྐལ་བཟང་གི་དུས་བཟང་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། །

རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་དོན།  བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་པའི་ལོ་གཅིག་གི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ལ་ཕེབས་ནས་གོ་སྟོན་སྲུང་བརྩི་ཞུས་པ་རེད། དེ་བཞིན་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་རྒྱལ་སྤྱིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བཀའ་སློབ་སྩལ་བཞིན་པའི་བྱམས་སྙིང་རྗེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། ད་བར་སྐུ་མདུན་གྱི་དགོངས་པ་དག་འཛམ་གླིང་ནང་ཁྱབ་ཐུབ་པའི་གནས་སྟངས་བྱུང་བ་རེད། བོད་ནང་བཞུགས་པའི་བོད་མི་དེ་དག་དཀའ་ངལ་མང་པོ་ཞིག་མྱོང་བཞིན་ཡོད། སོ་སོའི་བསམ་བློ་ནང་གང་ཡོད་པ་དེ་དག་འདོད་གཅིག་ནང་མི་སོགས་མི་གཞན་ལ་བཤད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དང་། བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ནང་ཆོས། ལེགས་བྱང་། ཁོར་ཡུག་དང་བཅས་པ་རྒྱ་ནག་གཞུང་གི་རྩ་མེད་གཏོང་རྒྱུའི་སྲིད་བྱུས་གང་ལྟར་བོད་མི་རིགས་ཞེས་པ་མེད་པ་ཡིན་ན། མི་རིགས་ཀྱི་གནས་དོན་མི་འོང་བའི་གནས་སྟངས་ལ་བལྟས་ཏེ་སྲིད་བྱུས་སྡུག་པོ་ཞིག་བཟུང་སྟེ་བསྡད་ཡོད། འོན་ཀྱང་ཁོང་རྣམ་པའི་སྙིང་སྟོབས་ཞུམ་པ་མེད་པར་སོ་སོའི་སྐད་ཡིག་དང་། ནང་ཆོས་སོགས་ལ་དོ་སྣང་བྱེད་རྒྱུ་དང་། ཇི་ཙམ་རྒྱ་ནག་གཞུང་གི་གདུག་རྩུབ་བྱས་ཀྱང་དེ་ཙམ་གྱི་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེ་རུ་ཕྱིན་ཏེ་འབད་བརྩོན་གནང་བཞིན་པར་རྗེས་སུ་ཡིད་རང་ཞུ་རྒྱུ་དང་། དེ་ལྟ་བུའི་དཀའ་ངལ་འོག་སྐབས་རེ་སྲོག་ཚུན་ཆད་ནས་འབེན་ལ་བཅུག་དགོས་ཀྱི་ཡོད། ཁྱེད་རྣམ་པའི་སྙིང་སྟོབས་ཞུམ་པ་མེད་པ་ལ་བརྟེན་ནས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས། བོད་ནང་ཡོད་པའི་བོད་མིའི་རང་དབང་འཐོབ་ཆེད་རྒྱལ་སྤྱི་ནང་འབད་བརྩོན་བྱས་ཏེ་གྲུབ་འབྲས་གང་ཙམ་འཐོན་ཡོང་གི་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་མཁན་ཚོ་ཡིན་ནའང་ང་ཚོ་བོད་མི་རིགས་གཅིག་པ་ཡིན་པ་མ་ཟད། སྐད་ཡིག་དང་། ཆོས། ལེགས་བྱང་བཅས་གཅིག་པ་ཡིན། བོད་མཐོ་སྒང་འདིའི་སྒང་ལ་མཉམ་དུ་གནས་ནས་བསྡད་ཡོད། ང་ཚོ་ཚང་མས་འཆམ་མཐུན་ནུས་པ་གཅིག་ཏུ་སྤུང་ཐུབ་པ་ཡིན་ན། དོན་དག་གང་ཡིན་ནའང་བསྒྲུབས་ཐུབ་ཀྱི་ཡོད་པ་འདས་པའི་ཉམས་མྱོང་ལ་བལྟས་ནས་མཁྱེན་ཐུབ་ཀྱི་རེད། ང་ཆོའི་ཁ་གཏད་དེ་རྒྱ་ནག་ལྟ་བུ་སྟོབས་ཆེན་ཡིན་སྟབས་བོད་མི་རྣམས་རུག་རུག་བྱས་མ་ཐུབ་ཚེ་ནང་ཁུལ་གྱི་དཀའ་རྙོག་ཁོ་ནར་དུས་ཚོད་ཕྱིན་ཏེ་སྤྱི་པའི་ནུས་པ་སྤུངས་མ་ཐུབ་པར། བོད་སྤྱིའི་དཀའ་ངལ་སེལ་མ་ཐུབ་ན། ཆོལ་ཁ་རེ་རེའི་དཀའ་ངལ་སེལ་ཐུབ་ཐབས་མེད། ད་ཆ་འཛམ་གླིང་འདིའི་སྟེང་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་སྟབས། གོ་སྐབས་ཡང་ཡོད་པ་མ་ཟད། གདོང་ལེན་བྱ་དགོས་རྒྱུ་ཧ་ཅང་མང་པོ་ཡོད།...

རབ་གནས་མེ་རྟ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་གནང་དོན། འཇིག་རྟེན་ཞི་བདེའི་དེད་དཔོན་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འབུལ་བའི་ཐོག་ནས་དེ་རིང་བོད་ཀྱི་གནམ་ལོ་རབ་གནས་མེ་རྟ་ལོ་གསར་དུ་བཞད་པའི་དུས་ཚོད་ནང་ལོགས་ལ་གཞིས་བྱེས་བོད་མི་ཡོངས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་ཀྱི་རྩ་དོན་འཐབ་རྩོད་བཅས་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག ང་ཚོས་འདས་པའི་ལོ་ཡུན་ནང་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་གྲོས་ཚོགས་དང་འབྲེལ་བའི་ཐོག་ནས་བོད་བསྟན་སྲིད་ཀྱི་དོན་དུ་ལས་དོན་གནང་བར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གསར་པ་འདིའི་ནང་ཆེ་ས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་རྒྱུན་འཛིན་བྱེད་རྒྱུ་དང་། དེ་བཞིན་རྒྱལ་སྤྱི་དང་། བོད་ཕྱི་ནང་གཉིས་ཀྱི་ཐོག་ནས་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་དགོས་རྒྱུ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་བསམ་གྱི་འདུག གཞན་ཡང་ཆོས་ཕྱོགས་ཐོག་ནས་ཞུ་ན་ཕྱག་ལས་གང་འདྲ་ཞིག་གནང་བ་ཡིན་ན། ཐོག་མ་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་ལས་གང་ཞིག་གནང་བ་ཡིན་ནའང་གཞན་ཕན་གྱི་བསམ་བློ་དང་། ཀུན་སློང་བཟང་པོ་ཞིག་འཁྱེར་པའི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན། དེའི་ཐོག་ནས་བོད་སྤྱི་པའི་རྩ་དོན་འཐབ་རྩོད་དང་། བོད་མི་ཚང་མའི་བསམ་བློ་གཅིག་ཏུ་ཡོང་ཐུབ་རྒྱུའི་ཐོག་ནས་ནུས་པ་དམིགས་བསལ་མི་འདྲ་བ་ཡོང་ཐུབ་རྒྱུ་དེ་ཧ་ཅང་གསལ་པོ་ཡིན་སྟབས། ཚང་མས་དེའི་ཐོག་ཐུགས་སྣང་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་ཕྲན་བུ་སྨིན་པོ་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་ཡིན་ནའང་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་མཁན་མང་པོ་ཞིག་ཉིན་རེ་བཞིན་མི་བརྒྱ་ཕྲག་མང་པོ་མཇལ་ཁ་སྩལ་བ་དང་། དེ་བཞིན་སེམས་ཤུགས་སྤར་བ་སོགས་ཀྱི་ཐོག་ནས་མཇལ་ཁ་དང་བཀའ་སློབ་སྩལ་གྱི་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དུས་རྒྱུན་དུ་སེམས་ནང་དྲན་ནས་དངོས་སུ་ལག་བསྟར་ཐུབ་རྒྱུ་ཧ་ཅང་གལ་པོ་ཆགས་ཀྱི་ཡོད། གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོ་པོ་ཕེབས་ཡོད་སྟབས། མུ་མཐུད་དགུང་ལོ་བརྒྱ་ཕྲག་ལྷག་བཞུགས་ཐུབ་པར་ཆོས་ཕྱོགས་ཐོག་ནས་ཞུས་པ་ཡིན་ན། སྲོག་བླུ་ཚེ་མཐར་དང་ཚེ་སྒྲུབ། སྐུ་རིམ། ཞབས་བརྟན་བསྒྲུབ་རྒྱུ་དེ་ཚོའི་གྲས་གནད་འགག་ཆགས་ཡོད། དེ་བཞིན་འཇིག་རྟེན་པའི་ཐོག་ནས་ཞུ་ན་འདྲ་གང་ལྟར་ཆབ་སྲིད་པའི་ཐོག་ནས་བསམ་བློ་གཏོང་ན་འདྲ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་ང་ཚོ་བོད་མི་རྣམས་ནས་གང་ཐུབ་སེམས་ནང་བཞག་ནས་ཕྱག་བསྟར་གནང་རྒྱུ་དང་། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཟེར་བ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ཚུལ་བཞིན་ལེན་པའི་ཐོག་ནས་དགོངས་པའི་དོན་ལ་འགྱུར་ཐུབ་པའི་སོ་སོ་ངོས་ནས་ཕྱག་ལས་དེ་འདྲ་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་འབོད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་།...

རབ་གནས་མེ་རྟ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་འཚམས་འདྲི་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་གནང་དོན། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་སྤུ་ཟླ་ཡོངས་ལ་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནས་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འཆར་ལོ་གསར་པའི་ནང་བོད་ཀྱི་བདེན་མཐའ་གསལ་རྒྱུར་ཚང་མས་སྔར་ལྷག་འབད་བརྩོན་ཞུ་རྒྱུའི་རེ་བ་ཞུ་གི་ཡོད།  དེ་བཞིན་བོད་མི་ནང་ཁུལ་ལ་ཕན་ཚུན་དམའ་འབེབས་དང་ཚིག་རྩུབ། འཐེན་ཁྱེར་སོགས་སྤངས་ནས་རང་གི་སྲོག་ལྟར་གཅེས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་འབད་བརྩོན་ཞུ་རྒྱུ་རེ་བ་ཞུ་གི་ཡོད། བཀྲ་ཤིས་བདེ་ལེགས། ཞེས་གསུངས་ཡོད་པ་བཅས།།  

བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གིས་ཨིབ་སི་ཊིན་ཡིག་ཚགས་བཀོལ་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པར་སྐྱོན་བརྗོད་དྲག་པོ་...

༄༅། །རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་དང་འབྲེལ་ཁོངས་སུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་ཉེ་ལམ་ཨིབ་སི་ཊིན་ཡིག་ཚགས་དང་འབྲེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད་པ་དང་། འཁྱོག་བཤད་བྱས་པའི་གནས་ཚུལ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་ ༢ ཚེས་ ༡ ཉིན་གྷེ་རེ་མི་གཟེངས་རྟགས་ཐོབ་པའི་རྗེས་སུ་ཁྱབ་སྤེལ་བྱས་པ་ཞིག་ཡིན་པ་མ་ཟད། ལྷག་པར་མགོན་པོ་གང་ཉིད་མཆོག་ལ་འཛམ་གླིང་ཡོངས་ནས་གུས་བཀུར་ཐོབ་བཞིན་པའི་སྐབས་འདིར་མགོན་པོ་གང་ཉིད་མཆོག་གི་མཚན་མཐོང་ལ་གནོད་གཞི་བཟོ་ཐབས་ཤིག་ཡིན་པ་མངོན་གསལ་ཐུབ་ཀྱི་ཡོད།  ཕྱི་ཟླ་ ༢ ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ཀྱང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་ཅེས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་ཀྱང་། རྒྱ་ནག་ནང་གི་ཚོགས་པ་ཁག་གཅིག་ནས་དམིགས་ཡུལ་ངན་པ་བཟུང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨིབ་སི་ཊིན་ཡིག་ཚགས་དབར་འབྲེལ་བ་ཡོད་ལུགས་ཀྱི་གཞི་མེད་སྐྱོན་འཛུགས་མུ་མཐུད་བྱེད་བཞིན་ཡོད།  དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྫུན་བཟོ་བྱས་པའི་གནས་ཚུལ་དེར་གསལ་ཁ་སྔར་ལྷག་ཡོང་སླད། ཨ་རི་ཁྲིམས་དོན་ལྷན་ཁང་ནས་འདོན་སྤེལ་བྱས་པའི་ཨིབ་སི་ཊིན་ཡིག་ཚགས་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་པོ་གནང་འབྲས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་དང་གང་ཉིད་མཆོག་གི་མཚན་ཐོག་ནས་ཇེ་ཕི་རི་ཨེབ་སི་ཊིན་དང་ཐད་ཀར་མཇལ་འཕྲད་དམ་བཀའ་མོལ་བཅས་གནང་མྱོང་བའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨིབ་སི་ཊིན་བར་མཇལ་འཕྲད་དང་འབྲེལ་ལམ་ཡོད་པའི་གནས་ཚུལ་སྤེལ་བ་རྣམས་གཞི་མེད་བསྙོན་འཛུགས་བྱས་པ་ཤ་སྟག་ཡིིན་པ་གསུངས་ཡོད།  དེ་མཚུངས་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ནས་སྤྱི་ཚོགས་དྲ་ལམ་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་ལས་ཤོག་རྫུན་བཟོ་བྱས་ཏེ་གནས་ཚུལ་ལོག་པ་ཁྱབ་སྤེལ་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་བ་དང་། གནས་ཚུལ་དེ་དག་མང་ཚོགས་ལ་མགོ་སྐོར་བསླུ་ཁྲིད་གཏོང་ཆེད་དུ་སྤེལ་བ་ཞིག་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།  ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཇི་ནི་ཝའི་གླེང་སྟེགས་ཐེངས་ ༦ པའི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་དོན་ཆེས་ཐོག་མ་དེ་རྒྱ་ནག་ནས་ཁྱབ་སྤེལ་བྱས་པ་ཞིག་ཡིན་པ་ཐེར་འདོན་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇེ་ཧྥི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་ཡོད་ལུགས་དང་། ཐུག་འཕྲད་གནང་དགོས་དོན་ནི་རོགས་དངུལ་ཐོབ་ཐབས་སླད་ཡིན་ལུགས་ཀྱིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ཡོད་ཅེས་གསུངས་ཡོད།  ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཉིན་གསུམ་གྱི་གོང་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨིབ་སི་ཊིན་བར་མཇལ་འཕྲད་གཏན་ནས་བྱུང་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་དང་། བོད་མིའི་སྒྲིག་འཛུགས་ནས་ཚོགས་པ་ཟུར་འཛུགས་ཀྱིས་དངོས་ཡོད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨིབ་སི་ཊིན་བར་འབྲེལ་བ་གཏན་ནས་བྱུང་མྱོང་མེད་པའི་ཤེས་རྟོགས་བྱུང་ཡོད། དེ་ནི་བདེན་དོན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡིག་ཚགས་འདི་བཀོལ་སྤྱོད་ཀྱིས་གཞི་མེད་སྐྱོན་འཛུགས་བྱས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་པའི་ཚོགས་སྡེ་ཁག་ནས་ཇེ་ཕི་རི་ཨེབ་སི་ཊིན་གྱི་རོགས་དངུལ་གང་ཡང་བྱུངམྱོང་མེད་ཅེས་གསུངས་ཡོད། ...