བོད་མིའི་སྒྲིག་འཛུགས།
སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༣ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད། དེ་ཡང་གོང་ཚེས་ཉིནགྱི་ཕྱེད་ཡུལ་ཆུ་ཚོད་ ༢།༣༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས། བོད་པའི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཁག་ལེགས་གྲུབ་བྱུང་བར་ས་གནས་འོས་བསྡུ་ལས་ཁང་ཁག་གི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་། ལས་བྱེད། དང་བླངས་བཅས་ཐུགས་འགན་བཞེས་མཁན་ཡོངས་ལ་དབུས་འོས་བསྡུ་ལས་ཁང་ནས་ལེགས་གསོལ་ཞུ་རྒྱུ་ཡིན། ༡། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༣ (ཀ) པའི་ནང་།...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ ༠༢ ཚེས་ ༡༣ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུར་སྐུ་བཞུགས་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས། རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་དྷ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གཙོས་དད་ལྡན་མི་མང་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འཁོར་བརྒྱུད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པས་གཙོས་དྷ་སའི་སེར་སྐྱ་མི་མང་དང་། ཕྱི་ནང་གི་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་དང་༧སྐུའི་ཞལ་མཇལ་ཞུས་ཡོད་ལ། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།།
ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ནས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་ཐོག་བསྒྲགས་གཏམ་ཞིག་གཏན་འབེབས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༡ ཉིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་འཇུག་བྱེད་མུས་ལ་སྐྱོན་བརྗོད་གནང་བའི་བསྒྲགས་གཏམ་ཞིག་བསྣམས་ཕེབས་པ་དེའི་ཐོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ ༦༧ གྱིས་རྒྱབ་སྐྱོར་གཏན་འབེབས་གནང་ཡོད། བསྒྲགས་གཏམ་དེའི་ཐོག་བགྲོ་གླེང་གནང་སྐབས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དྲུག་ནས་ལོ་བཞི་ལས་སོན་མེད་པའི་བོད་ཕྲུག་རྣམས་རང་ཉིད་ཀྱི་ཁྱིམ་ཚང་ནས་ཁ་བྲལ་ཏུ་བཅུག་སྟེ་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་བཞིན་པའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས་འགའ་ཞིག་ལ་སེམས་ཚོར་དྲག་པོ་བྱུང་ཡོད།གྲོས་ཚོགས་འཐུས་མི་ཨེ་སི་ཊར་ཁ་རུ་སི་ (Ester Karuse) ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འདོན་སྤེལ་གནང་བའི་ཁོང་ཚོ་ང་ཚོའི་བྱིས་པ་ལེན་པར་སླེབས་དུས་ཞེས་པའི་དཔེ་དེབ་ལུང་འདྲེན་གྱིས་རྒྱ་ནག་གིས་བོད་མི་རྣམས་རྒྱ་སྒྱུར་བྱེད་པའི་དམིགས་ཡུལ་འཛིན་ཡོད་པ་འགྲེལ་བརྗོད་གནང་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་ཊོ་ནི་སི་ ལུ་ཀཱ་སེ་ (MP Tõnis Lukas) ལགས་དང་། གྲོས་ཚོགས་འཐུས་མི་ཧེན་ པོ་ལུ་ཨེ་སི་ (MP Henn Põlluaas) ལགས། གྲོས་ཚོགས་འཐུས་མི་མར་གིཊ་སུ་ཊོ་རོ་ཕི་ ( Margit Sutrop ) ལགས། གྲོས་ཚོགས་འཐུས་མི་ཨན་ཊི་པུ་ལཱ་མེ་ཊི་ (MP Anti Poolamets) ལགས། ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེ་ལེ་རེཌ་ (Juku-Kalle...
བོད་མིའི་སྒྲིག་འཛུགས་ནས་སྤྱི་ཚོགས་དྲ་ལམ་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་ལས་ཤོག་རྫུན་བཟོ་བྱས་ཏེ་གནས་ཚུལ་ལོག་པ་ཁྱབ་སྤེལ་བྱེད་བཞིན་པར་སྐྱོན་བརྗོད...
༄༅། །བོད་མིའི་སྒྲིག་འཛུགས་ནས་སྤྱི་ཚོགས་དྲ་ལམ་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་ལས་ཤོག་རྫུན་བཟོ་བྱས་ཏེ་གནས་ཚུལ་ལོག་པ་ཁྱབ་སྤེལ་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་ཡོད། དེ་ཡང་ཀཱ་ལིས་ཊོས་རིས་ (Kallistos Rhys) ཞེས་པའི་མིང་ཐོག་ནས་མིང་བྱང་རྫུན་མ་བཟོས་ཏེ་བོད་རང་དབང་ལས་འགུལ་ (Free TIBET Movement) ཞེས་པའི་ངོ་དེབ་ཀྱི་ཚོགས་པ་ (Facebook group page) ཞིག་གི་ནང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་ལས་ཤོག་རྫུན་བཟོ་བྱས་ཏེ་གནས་ཚུལ་རྫུན་མ་ཁྱབ་སྤེལ་གྱིས་མང་ཚོགས་ལ་མགོ་སྐོར་དང་ཐུགས་འཚབ་རྒྱ་ཆེ་བཟོས་ཡོད། གནས་ཚུལ་དེར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ཞིབ་བཤེར་གནང་བའི་བརྒྱུད་ངོ་དེབ་ཀྱི་ཁ་བྱང་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༡༧ ཉིན་ངོ་དེབ་ཀྱི་ཚོགས་པ་ (Free TIBET Movement) ཞེས་པ་དེའི་ནང་འཛུལ་ཞུགས་བྱས་ཏེ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་ཡོད་པ་ཤེས་རྟོགས་བྱུང་བ་དང་། གནས་ཚུལ་དེ་ཐོག་མ་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝ་བྷི་སི་ (Vancouver) ནས་ཡིན་པའི་རྒྱ་སྐད་ཀྱི་དྲྭ་ཚིགས་ (westca.com) ཞེས་པའི་ནང་འདོན་སྤེལ་བྱེད་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། དེ་བཞིན་དྲྭ་ཚིགས་དེའི་ཐོག་སྔོན་ཆད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དམིགས་ཏེ་གནས་ཚུལ་རྫུན་མ་མང་དག་གཅིག་སྤེལ་མྱོང་ཡོད་པ་དང་། གནས་ཚུལ་དེ་རིགས་ཀྱིས་མི་མང་གི་བསམ་བློར་ཁ་ལོ་སྒྱུར་བ་དང་། སྤྱི་ཚོགས་ནང་ཁུལ་དབྱེན་དཀྲུག་བཟོ་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་མི་མང་གི་ཡིད་ཆེས་བརླག་ཐབས་བཅས་ཀྱི་བསམ་སྦྱོར་ངན་པ་བླངས་ཏེ་ཁྱབ་སྤེལ་བྱེད་པ་ཞིག་ཡིན་པ་མངོན་གྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་ངོ་དེབ་ཀྱི་ཚོགས་པ་དེའི་དོ་དམ་པ་པདྨ་ (Pema Masih) ལ་འབྲེལ་མཐུད་གནང་སྐབས། ཁོ་མོས་ངོ་དེབ་ཀྱི་ཚོགས་པ་དེའི་ནང་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱུང་བར་བློ་ཕམ་དང་འགྱོད་པ་ཡོད་ཅེས་བརྗོད་པ་དང་།...
བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༢ པའི་ཚེས་ ༨ ཉིན་བཞུགས་སྒར་དྷ་རམ་ས་ལ་གངས་སྐྱིད་ཚོགས་ཁང་དུ་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་གནང་འདུག སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་པདྨ་མཚོ་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་སོགས་ཕེབས་ཡོད་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན། རྩ་བའི་གོང་དུ་གསུང་བཤད་གནང་མཁན་རྣམ་པས་ལྷ་སྲས་རྒྱལ་ལོ་དོན་གྲུབ་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་ནང་འབྲེལ་ལམ་གནང་ཕྱོགས་དང་། བོད་ཀྱི་རྩ་དོན་ཐོག་ལ་དམིགས་བསལ་མཛད་རྗེས། བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་སོགས་ཀྱི་ཐོག་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་གསུངས་པ་གཞིར་བཟུང་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྙན་ལམ་བརྒྱུད་རྗེས་དྲན་ཞུ་དགོས་པའི་དམིགས་ཡུལ་གསུངས་པ་གཞིར་བཟུང་རེད། རྩ་བའི་ང་ཚོ་སྟབས་མི་ལེགས་པ་ཟེར་ན་མི་འདུག གནས་སྟངས་ཤིག་གི་ཐོག་ནས་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་པ་དང་། སྟོབས་ཆེ་ཆུང་ངམ་ཤུགས་རྐྱེན་ཆེ་ཆུང་གི་ཐོག་ནས་ང་ཚོ་བོད་གངས་ཅན་པའི་ཆ་ཤས་ཤིག་བཙན་བྱོལ་ལ་སླེབས་ནས་བསྡད་པ་ཆགས་བསྡད་ཡོད་རེད། གངས་ཅན་ལྗོངས་དེ་ང་ཚོའི་རེ་བ་བཅངས་ས་འདྲ་པོ། དམིགས་ཡུལ་ལྟོས་ས་ཆགས་ཡོད་རེད། འདས་པའི་ལོ་ངོ་ ༦༧ ཙམ་གྱི་བཙན་བྱོལ་གྱི་དུས་ཚོད་དེའི་རིང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཀྱི་ཐོག་ལ་བསམ་བློ་བཏང་བ་ཡིན་ན། འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད་རེད། དཔེར་ན། དེ་རིང་སྐུ་ངོ་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་མཆོག་གི་རྗེས་དྲན་ཞུ་བའི་དུས་ཚོད་ཆགས་བསྡད་ཡོད་རེད། སྐུ་ངོ་ཁོང་གི་མཛད་རྣམ་དེ་ཙམ་ཀློག་རྒྱུ་བྱུང་མ་སོང་ཡང་།...
ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་དྲུག་པ་ལེགས་པར་མཇུག་སྒྲིལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་ཇི་ནི་ཝའི་གླེང་སྟེགས་ཐེངས་དྲུག་པ་ལེགས་གྲུབ་བྱུང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱུན་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཇུག་སྡོམ་གསུང་བཤད་ནང་གསུང་དོན། སྲིད་སྐྱོང་གི་ལས་འཁུར་བཞེས་མཚམས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ལས་དོན་ཐོག་ཐབས་བྱུས་ཀྱི་འགྱུར་བ་ཞིག་བཏང་ཡོད། དེ་ཡང་རྒྱལ་སྤྱིའི་མང་ཚོགས་རྣམས་ཚུར་འགུགས་སླད་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་ནན་བཤད་བྱེད་བཞིན་ཡོད། ང་ཚོས་ཁྱེད་རྣམ་པར་རྫུན་ཤོད་ཅེས་ཟེར་གྱི་མེད། དེ་ནི་ལོ་རྒྱུས་ཀྱི་བདེན་དོན་ཞིག་ཡིན། ཞེས་གསུངས། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། གལ་སྲིད་བོད་རྒྱའི་དཀའ་རྙོག་སེལ་དགོས་ཚེ་རྒྱ་ནག་དང་འབྲེལ་བ་བྱེད་དགོས་ངེས་ཡིན་པས་དེ་ལྟར་གནང་བཞིན་ཡོད་ཀྱང་། རྒྱ་ནག་གི་སྲིད་བྱུས་ཡོངས་ལ་ལྟ་ཞིབ་བྱས་ཚེ་ཁོ་ཚོས་བོད་པའི་གནས་བབ་དམའ་རུ་གཏོང་ཐབས་བྱེད་བཞིན་ཡོད། ཅེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞུ་གཏུག་བྱེད་དགོས་པའི་གལ་གནད་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་མཐུད་ཀྱིས་ཞུ་གཏུག་བྱེད་དགོས་ངེས་ཡིན་པ་དང་། རྒྱལ་སྤྱིའ་ིསྤྱི་ཚོགས་ལ་ཡིད་ཆེས་ངེས་རྙེད་བཟོ་རྒྱུ་ནི་ལས་སླ་པོ་ཞིག་མིན། གང་ལ་ཞེ་ན། ཚང་མས་རང་ཉིད་ཀྱི་ཁེ་ཕན་འཚོལ་གྱི་ཡོད། དེ་ལྟ་ནའང་ང་ཚོར་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་ཀྱང་། ང་ཚོར་མུ་མཐུད་རྒྱབ་སྐྱོར་དགོས་ངེས་ཡིན་པར་གསུངས། གླེང་སྟེགས་ཀྱི་ཉིན་གཉིས་པར་བོད་པའི་སྲོལ་རྒྱུན་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐོག་དམིགས་གསལ་བགྲོ་གླེང་ཚུད་པའི་ཆེད་དོན་མི་སྣའི་བགྲོ་གླེང་ཐེངས་གསུམ་གོ་སྒྲིག་གིས་བསྐོང་ཚོགས་གནང་ཡོད། བགྲོ་གླེང་གི་མཇུག་སྡོམ་མ་གནང་གོང་ཆེད་དོན་མི་སྣ་ཁག་གཅིག་གིས་རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་རྒྱལ་སྤྱིའི་འགན་འཁུར་ཡར་རྒྱས་གཏོང་ཐབས་སྐོར་བགྲོ་བསྡུར་གནང་ཡོད། མཇུག་སྡོམ་ཐོག་མགྲོན་འབོད་ཞུས་པའི་སྐུ་མགྲོན་ཇི་ནི་ཝའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེཌ་རིག་ཇེ་ནེ་རེཊ་ (Mr. Cédric Jeanneret) ལགས་དང་། ཇི་ནི་ཝར་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་གཞུང་ཚབ་གྲེག་ཇི་ཌི་ལི་ (Greg G.D. Lee) ལགས། སུད་སི་གྲོས་ཚོགས་འཐུས་མི་ Delphine Klopfenstein Broggini...
ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨི་ཆི་མཆོག་ཉི་འོང་གི་སྲིད་བློན་ལ་འོས་འདེམས་བྱུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ (Sanae Takaichi) མཆོག་གིས་སྣེ་ཁྲིད་པའི་སྲིད་དོན་ཚོགས་པར་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། ཉི་འོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ཉི་འོང་རྒྱལ་ཁབ་ནི་དུས་ཡུན་རིང་པོར་མང་གཙོའི་ལམ་སྲོལ་སྲ་བརྟན་དང་། ཞི་བདེར་གཅེེས་སྤྲས། འཛམ་གླིང་མཐུན་སྒྲིལ་ཐོག་སྣེ་ཁྲིད་གནང་མཁན་ཞིག་ཡིན་སྟབས་ཚང་མས་ཡིད་སྨོན་བྱེད་ས་ཞིག་ཆགས་ཡོད། ད་རེས་སྐུ་ཉིད་ཉི་འོང་གི་སྲིད་བློན་དུ་སླར་ཡང་འོས་འདེམས་བྱུང་བ་དེས། ཉི་འོང་མི་མང་གིས་ཡིད་ཆེས་དང་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཉི་འོང་རྒྱལ་ཁབ་སྔར་བཞིན་འཆམ་མཐུན་དང་ཡར་རྒྱས་གོང་འཕེལ་ཡོང་བ་དང་། དེ་བཞིན་སྲིད་བློན་གྱི་ལས་ཡུན་རིང་ཉི་འོང་མི་མང་གི་མངོན་འདོད་འགྲུབ་རྒྱུར་ནུས་པ་འདོན་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་གོང་འཕེལ་ཡོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨི་ཆི་མཆོག་ཉི་འོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨི་ཆི་ (Sanae Takaichi) མཆོག་ཉི་འོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད། འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་འོང་ནས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་འཛམ་གླིང་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་པའི་སྐོར་གསུངས་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོས་ཁྱེད་ཀྱི་དབུ་ཁྲིད་ཀྱི་ནུས་པར་བརྩི་བཀུར་ཆེན་པོ་ཞུ་བཞིན་པ་མ་ཟད། མང་གཙོའི་རིན་ཐང་ཆེད་མངོན་གསལ་གྱིས་རྒྱབ་སྐྱོར་གནང་བ་དང་། རྒྱ་ནག་ཐོག་འགྱུར་བ་མེད་པའི་ལངས་ཕྱོགས་བརྟན་པོ་བཟུང་བ་བཅས་ལ་ཡིད་སྨོན་ཞུ་བཞིན་ཡོད། དེ་བཞིན་བོད་ནང་གི་གཞི་རྩའི་རང་དབང་ལ་མུ་མཐུད་བརྡལ་བཤིག་གཏོང་བཞིན་པར་སྐྱོན་བརྗོད་གནང་བའི་བསྒྲགས་གཏམ་ཁག་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་པ་དང་། ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨེ་ཆི་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་དང་ཉི་འོང་བར་མཛའ་འབྲེལ་དང་མཉམ་ལས་སྔག་ལྷག་དམ་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཉིད་ཀྱི་མངོན་འདོད་ཡོངས་སུ་བསྒྲུབ་ཐུབ་པར་སྨོན་འདུན་ཞུས་ཡོད་པ་བཅས། །
སུད་སིར་རྒྱལ་ཁབ་ཁག་ ༢༦ གི་འཐུས་མི་ལྷན་འཛོམས་ཐོག་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་དྲུག་པ་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་སྦྲེལ་ཐོག་ཇི་ནི་ཝའི་གླེང་སྟེགས་ཐེངས་དྲུག་པ་གོ་སྒྲིག་གནང་ཡོད་པ་དང་། ཉིན་གྲངས་གཉིས་རིང་གི་གླེང་སྟེངས་སྟེང་དྲག་གནོན་དང་གདོང་ལེན། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད།བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཞུགས་ཀྱིས་བོད་མི་རྣམས་ལ་བོད་ནང་དུ་འཕྲད་བཞིན་པའི་གཉའ་གནོན་སྐོར་གླེང་སློང་བྱེད་པའི་དགོས་ངེས་ཀྱི་སྡིངས་ཆ་སྤྲད་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་འཐབ་རྩོད་ལ་ཡ་ལན་གནང་མེད་པས་ཇི་ནི་ཝེའི་གླེང་སྟེགས་འདི་བཞིན་གསར་འཛུགས་གནང་བ་ཞིག་ཡིིན་སྐོར་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གྲུབ་ཆའི་ཞན་ཆ་ལ་གསལ་སྟོན་གྱིས་ད་ལྟའི་རྙོག་ཁྲ་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བཅོས་འགྱུར་དགོས་ངེས་ཡིན་པའི་སྐོར་གསུངས་ཡོད། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་གོང་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཉེ་ལམ་སློབ་དཔོན་ལའོ་ལགས་ཀྱིས་དབྱིན་ཡིག་ཐོག་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་འདོན་སྤེལ་གནང་བ་འདི་ནི་རྒྱ་ནག་གཞུང་གི་ཡིག་ཆ་ཁོ་ན་ལ་དཔྱད་ཞིབ་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་ལ་དགག་པ་བརྒྱབ་ཡོད་པའི་སྐོར་གསུངས་ཡོད། མ་ཟད་བོད་དེ་བཞིན་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ཐོག་ལོ་རྒྱུས་དང་། ཆབ་སྲིད། ཁྲིམས་ལུགས་བཅས་ཀྱི་དཔང་རྟགས་ལས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་གནང་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མང་མོས་རྒྱབ་སྐྱོར་འོག་གཏན་ལ་ཕབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཆེད་དངོས་ཡོད་དང་མཐུན་ཞིང་ལག་ལེན་འཁྱོལ་ཐུབ་པའི་སྲིད་བྱུས་ཤིག་ཡིིན་པ་ནན་བརྗོད་གནང་ཡོད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ཚབ་ཞུས་ཏེ་གླེང་སྟེགས་སུ་ཕེབས་པའི་རྒྱལ་ཁབ་ཁག་གི་འཐུས་མི་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཇི་ནི་ཝེའི་གླེང་སྟེངས་ཐེངས་དྲུག་པའི་དམིགས་ཡུལ་དང་གལ་གནད་སྐོར་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་ང་ཚོ་ཇི་ནི་ཝར་འདུ་འཛོམས་བྱས་པ་འདི་ནི་སྟེས་དབང་ཞིག་མ་ཡིན་པར། ཡིད་ཆེས་བརྟན་པོ་ཞིག་གི་འོག་ནས་བྱུང་བ་ཞིག་ཡིན་ཞེས་དང་། ཇི་ནི་ཝ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ཀྱི་ལྟེ་བ་ལྟ་བུ་ཞིག་ཡིན་པར་གླེང་སྟེགས་འདི་དམིགས་བསལ་གྱི་གལ་གནད་ཅན་ཞིག་ཡིིན་ཞེས་གསུངས་ཡོད། དེ་བཞིན་གླེང་སྟེགས་འདིའི་ཐོག་མི་སྣ་འདྲ་མིན་ལྷན་འཛོམས་ཀྱིས་གསུང་བཤད་གནང་བ་ནི་སྟེས་དབང་གྱི་བྱུང་བ་ཞིག་མ་ཡིིན་པར། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཀུན་ཁྱབ་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཚུད་པའི་ས་ཁུལ་གཞན་དུའང་དྲག་གནོན་བྱེད་པ་ནི་རྒྱལ་སྤྱིའི་མི་མང་ཀུན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པར་ཐུན་མོང་གི་ཡིད་ཆེས་མཚོན་གྱི་ཡོད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་གདུང་སེམས་མཉམ་སྐྱེད་བྱེད་པ་ནི། ས་ཁམས་ཀྱི་གནས་བབ་དང་། ཆབ་སྲིད་ཀྱི་མཐུན་ཕྱོགས། ཡང་ན་སྟབས་བདེ་ཙམ་གྱི་ཚད་བཀག་མི་རུང་བ་ཞིག་ཡིན་ཞེས་གསུངས། ཉིན་གྲངས་གཉིས་ཀྱི་གླེང་སྟེགས་འདིའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ Nicolas Levrat ལགས་ཀྱང་ལྷན་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཇི་ནི་ཝ་བོད་དོན་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་...
བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨིབ་སི་ཊིན་དབར་མཇལ་འཕྲད་བྱུང་བའི་གཞི་མེད་བསྙོན་འཛུགས་ལ་དགག་ལན་གནང་བ།
༄༅། །ཉེ་ལམ་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དམིགས་ཡུལ་ངན་པ་འཛིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ ཇེ་ཕི་རི་ཨེབ་སི་ཊིན་དབར་འབྲེལ་བ་ཡོད་ལུགས་ཀྱི་གཞི་མེད་ཀྱི་བསྙོན་འཛུགས་བྱས་ཏེ་གནས་ཚུལ་སྤེལ་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་དང་བཀའ་ཤག་ལྷན་རྒྱས་བགྲོ་བསྡུར་གྱིས་ཨ་རི་ཁྲིམས་དོན་ལྷན་ཁང་ནས་སྤེལ་བའི་ཡིག་ཚགས་ལ་ཞིབ་འཇུག་ནན་པོ་གནང་ཡོད། དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན་ནས་ཨེབ་སི་ཊིན་གྱི་ཡིག་ཚགས་ལ་དབྱེ་ཞིབ་དང་ཞིབ་ཚགས་ནན་པོ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་གང་ཉིད་མཆོག་གི་མཚན་ཐོག་ནས་ཇེ་ཕི་རི་ཨེབ་སི་ཊིན་དང་ཐད་ཀར་མཇལ་འཕྲད་དམ་བཀའ་མོལ་བཅས་གནང་མྱོང་བའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་པའི་ཐག་གཅོད་གནང་ཡོད། ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་ཨ་རིའི་ཁྲིམས་དོན་ལྷན་ཁང་ནས་ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་བའི་ཤོག་བུ་ས་ཡ་ ༣།༥ འདོན་སྤེལ་གནང་བའི་རྗེས། རྒྱ་ནག་དང་བོད་ཀྱི་བརྙན་འཕྲིན་ (China Tibet Online) དང་། ThePaper.cn རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་ (CGTN) ལ་སོགས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ལ་གཏོང་བཤིག་གཏང་བའི་བསམ་སྦྱོང་ངན་པ་ཀུན་ནས་བླངས་ཏེ་ཨེབ་སི་ཊིན་གྱི་ཡིག་ཚགས་ལག་ཆར་བཀོལ་སྤྱོད་བྱས་ཡོད། དེ་ལ་ལན་འདེབས་ཀྱི་ཚུལ་དུ་ཕྱི་ཟླ་ ༢ ཚེས་ ༨ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཧྥེ་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་ཅེས་གསུངས་ཡོད། དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན་ནས་ཨ་རིའི་ཁྲིམས་དོན་ཁང་ལྷན་ཁང་གིས་འདོན་སྤེལ་གནང་བའི་ཨེབ་སི་ཊིན་གྱི་ཡིག་ཚགས་ལ་དཔྱད་ཞིབ་གནང་བའི་འབྲས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ (Dalai Lama) ཞེས་ཐེངས་ ༡༥༤ ཙམ་དང་ (Dali Lama) ཞེས་ཐེངས་ ༥༩ ཙམ་བཀོད་ཡོད་པ་འདི་ནི་གཙོ་བོ་ཡིག་ཆ་བསྐྱར་བཟློས་བྱེད་པ་ཞིག་ཡིན་པས་ཡིག་ཆ་ངོ་མ་ཁག་ཟུར་འདོན་གྱིས་ཞིབ་འཇུག་བྱས་པའི་བརྒྱུད་ (Dalai Lama) དང་ (Dali) ཞེས་ཐེངས་ ༥༩...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༠ རེས་གཟའ་ཟླ་བ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨི་ཆི (Sanae Takaichi) མཆོག་ཉི་འོང་གི་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་ཡོད། དེ་ཡང་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་མི་མང་ནས་སྐུ་ཉིད་ཀྱི་འགོ་ཁྲིད་ཀྱི་ནུས་པར་ཡིད་ཆེས་བློས་འགེལ་གནང་བ་ནི་དགའ་འོས་པོ་ཞིག་ཡིན། ལྷག་པར་འཛམ་གླིང་ནང་དཀའ་རྙོག་མང་པོ་འཕྲད་བཞིན་པའི་སྐབས་འདིར། གཞན་གྱི་བདེ་དོན་ལ་སེམས་ཁུར་དང་བྱམས་བརྩེ་ལྡན་པའི་འགོ་ཁྲིད་ཅིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་སྩལ་འདུག གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འོས་བསྡུ་དེས་མི་མང་པོར་སེམས་སྐུལ་ཐེབས་པ་དང་། འཛམ་གླིང་ཞི་བདེ་དང་། མཉམ་ལས། དེ་བཞིན་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཕན་ཐོགས་ཡོང་བའི་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་ཏེ། ལྕམ་སྐུ་མཆོག་ནས་ཉི་འོང་མི་མང་གི་མངོན་འདོད་བསྒྲུབ་ཆེད་དང་། བྱམས་བརྩེ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་། ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཤོག་ཁག་ཟུང་འབྲེལ་ནས་མོས་མཐུན་གནང་བའི་ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་གི་ཁྲིམས་འཆར་ཐོག་མར་འཆར་འབུལ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཕ་མར་ཁི་ལི་ (Jeff Merkley) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད། ཉིན་རྗེས་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རི་དང་རྒྱ་ནག་དབར་གྱི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བཀའ་བསྡུར་གནང་སྟེ་ཐེངས་འདིའི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད། འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔར་ལྷག་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་གོ་རྟོགས་དང་རྒྱབ་སྐྱོར་གོང་སྤེལ་གཏོང་སླད་མཐོ་རིམ་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་མཛོད་བསྟི་གནས་ཁང་གི་རྒྱ་ནག་རིག་པའི་ཐོག་ཆེད་ལས་མཁས་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་པའི་དཀའ་ངལ་ཐོག་གྲོས་མོལ་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ཨེཊ་ལན་ཊིག་ལྷན་ཚོགས་སུ་ཕེབས་ཞུགས་ཀྱིས་བོད་མིའི་མང་གཙོའི་ལམ་ལུགས་དང་། ཡང་སྲིད་དང་འབྲེལ་བའི་གནད་དོན། ཆོས་དད་རང་དབང་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བའི་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་གཉིས་ལྷན་བཅར་གྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་མཁན་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ན་གཞོན་ཁག་གཅིག་དང་མཇལ་འཕྲད་ཀྱིས་མ་འོངས་པའི་ལོ་ཟླའི་ནང་ཨ་རིའི་སྲོད་དོན་ཤོག་ཁག་ཟུང་འབྲེལ་གྱིས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་སྐྱོང་གནང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་ཡོད། ཐེངས་འདིའི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐོག་ཕེབས་ཞུགས་ཆེད་ཕྱི་ཟླ་ ༢ ཚེས་ ༧ ཉིན་ཇི་ནི་ཝར་ཕེབས་ཐོན་གནང་ཡོད། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་ནས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཉིན་གྲངས་དྲུག་ཅུར་བཞུགས་ཏེ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཧུབ་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་གྲྭ་ཚང་གི་ཆོས་གྲྭ་གསར་པའི་ཡང་ཐོག་གཟིམ་ཆུང་ནས་ཆིབས་ཐོན་གྱིས་ཆོས་གྲྭར་༸ཞབས་སོར་འཁོད་སྐབས་འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་དཀོན་མཆོག་དཔག་བསམ་མཆོག་དང་། སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག ཀུན་བདེ་གླིང་རིན་པོ་ཆེ་མཆོག ལྕང་སྐྱ་རིན་པོ་ཆེ་མཆོག འོན་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་མཆོག གཙོས་གསེར་ཁྲི་རིན་པོ་ཆེ་མཆོག འབྲས་སྤུངས་ཚོགས་ཆེན་དབུ་མཛད་སོགས་ཀྱིས་ཕེབས་སྐྱེལ་དང་བཅས་ཆིབས་འཁོར་དུ་བཞུགས་ཏེ་ཧུབ་ལི་གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཧུབ་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ།དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༢ ཉིན་མི་གྲངས་ ༨༠༠༠ བརྒལ་བས་ཕེབས་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕེབས་སྟོན་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་རི་བོ་དགེ་ལྡན་པ་སྤྱི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་བཞེས་ནས་ལོ་ ༥༡ འཁོར་བར་རྗེས་དྲན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མི་གྲངས་ ༡༡༠༠༠ གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད།དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་...
༸སྐུའི་གཅེན་པོ་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་དབུ་བཞུགས་མཛད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་དབུ་བཞུགས་མཛད་ཡོད་པ་རེད། དེ་ཡང་ཐོག་མར་སྒོ་མང་ཆོས་གྲྭ་གསར་པའི་ཡང་ཐོག་གི་གཟིམ་ཆུང་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཕྱག་མཛོད་བགྲེས་པ་སོགས། དེ་བཞིན་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཕྱག་མཛོད་སོགས་ལ་གཟིམ་ཆུང་མཇལ་ཁ་བཀའ་དྲིན་སྩལ་རྗེས་ཆོས་གྲྭར་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་དམ་པ་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བར་རྗེས་དྲན་མཆོད་འབུལ་སྨོན་ལམ་ལ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས། དགའ་འབྲས་གཉིས་ཀྱིས་དགེ་འདུན་པ་རྣམ་པས་གཙོས་ཚོགས་མང་ཡོངས་ནས་བཟང་སྤྱོད་སྨོན་ལམ་དང་། བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་འཁོར་གསུངས་ནས་རྗེས་དྲན་མཆོད་འབུལ་རྒྱ་ཆེར་གནང་ཡོད། ༸སྐུའི་གཅེན་པོ་ས་དབང་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་གཅིག་འཁོར་བའི་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་འདིར་འབྲས་སྤུངས་ཁྲི་ཚབ་རིན་པོ་ཆེ་མཆོག་དང་སྒོ་མང་མཁན་རིན་པོ་ཆེ། སྒོ་མང་མཁན་ཟུར་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། ལྕང་སྐྱ་རིན་པོ་ཆེ། འོན་རྒྱལ་སྲས་རིན་པོ་ཆེ་སོགས་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། དགེ་འདུན་འདུས་མང་གིས་གཙོས་དད་ལྡན་སེར་སྐྱ་བརྒྱད་སྟོང་ལྔ་བརྒྱ་བརྒལ་བ་མཉམ་ཞུགས་གནང་ཡོད། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་ཕེབས་ཞུགས་ཀྱིས་གསུང་བཤད་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གླེང་སྟེགས་ (IRF Summit 2026) ཀྱི་བོད་ཀྱི་དུས་སྐབས་ (Tibetan Moment) ཞེས་པའི་དམིགས་བསལ་ཚོགས་ཐུན་ཐོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Speaker Emerita Nancy Pelosi) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༸གོང་ས་མཆོག་གི་དངོས་བྱུང་གློག་བརྙན་ནས་ལྷང་སྟོན་ཞིག་གཟིགས་འབུལ་ཞུས་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་། དུས་རབས་ཉེར་གཅིག་པའི་ནང་མི་རིགས་དབྱེ་འབྱེད་ཀྱི་མཐའ་ལས་འདས་ཏེ་ང་ཚོས་མཉམ་དུ་ལས་ཀ་བྱ་རྒྱུ་ཙམ་མིན་པར་མཉམ་དུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ཆོས་ལུགས་དང་རིག་གཞུང་མི་འདྲ་བའི་བར་མཐུན་འབྲེལ་ནི་གལ་ཆེན་ཆགས་ཡོད། ཅེས་བཀའ་སློབ་རྩལ་ཡོད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་རང་དབང་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གསུང་བཤད་གནང་སྐབས་ཁོང་གིས་པ་རག་ཏུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དོན་ཚན་ ༡༨ པའི་མཐུན་ཚོགས་ཐོག་གཏན་འེབས་གནང་བའི་བསྒྲགས་གཏམ་ངོ་སྤྲོད་དང་། བསྒྲགས་གཏམ་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་འདེམས་ཕྱོགས་ཀྱི་གནད་དོན་དང་། བོད་མིའི་ཆོས་དད་རང་དབང་ཀྱི་ཐོབ་ཐང་གསལ་སྟོན་གནང་ཡོད་པ་གསུངས། དེ་རྗེས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཨེཊ་ལན་ཊིག་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བགྲོ་གླེང་ཐོག་ཕེབས་ཞུགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོ་ (Tibetan Democracy in Exile: Religious Freedom through...
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གཏོང་བཞིན་པར་ཉེན་བརྡ་བཏང་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྤེལ་བའི་སྙན་ཐོ་གསར་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལས་བོད་པའི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་གཏོང་བཞིན་པ་དང་། འདི་ལས་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་གནས་ཐབས་ལ་ཉེན་ཁ་སྤྲོད་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད། སྙན་ཐོ་འདི་ནི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དམིགས་བསལ་སྙན་སྒྲོན་པ་ནི་ཁོ་ལས་ ལེ་ཝ་ར་ཏི་ (Nicolas Levrat) ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཕུལ་བ་ཞིག་ཡིིན་པ་དང་། སྙན་ཐོ་འདིའི་ནང་འཛམ་གླིང་གི་གནད་དོན་དང་འབྲེལ་ཏེ་བོད་ནང་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཁོ་ན་མ་ཡིན་པར། རྒྱ་ནག་གཞུང་གིས་མངོན་གསལ་དེ་ཙམ་མེད་པའི་སྲིད་བྱུས་བརྒྱུད་རིག་གཞུང་རྩ་གཏོར་དུ་གཏོང་བཞིན་ཡོད་ཅེས་གསལ་སྟོན་གནང་ཡོད། ཉེན་བརྡ་འདིའི་ནང་བོད་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་སྐོར་གཙོ་འདོན་གནང་ཡོད་པ་དང་། སྙན་ཐོའི་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ཀྱི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་རྩ་བརླག་ཏུ་གཏོང་རྒྱུ་ཡིན་ཞེས་གསལ་སྟོན་གནང་ཡོད་པ་དང་། བོད་ཕྲུག་རྣམས་སོ་སོའི་ཁྱིམ་ཚང་དང་སྤྱི་ཚོགས་ནས་ཁ་བྲལ་ཏུ་བཅུག་ཏེ་རྒྱ་སྐད་དང་། རྒྱལ་ཁབ་ཀྱི་ལྟ་བ། རིག་གཞུང་སིམ་ཡལ་ཀྱི་སྲིད་བྱུས་བཅས་ཀྱི་ཁོར་ཡུག་ནང་སློབ་གསོ་སྤྲོད་བཞིན་ཡོད། སྙན་ཐོ་ནང་བཀོད་པ་ལྟར་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པ་རྣམས་མི་རབས་ནས་མི་རབས་ལ་བརྒྱུད་སྤྱོད་བྱེད་པར་བཀའ་འགོག་བྱེད་ཀྱི་ཡོད་པ་དང་། བརྒྱུད་རིམ་དེས་རྒྱལ་ཁབ་ཀྱི་མི་སེར་ཁྲོད་དུ་གྲངས་ཉུང་མི་རིགས་དེ་མི་རིགས་ཐ་དད་ཅིག་གི་ངོ་ནས་རྩ་མེད་དུ་འགྲོ་བའི་རྒྱུ་བྱེད་ཀྱི་ཡོད་པ་རེད་ཅེས་གསལ་ཡོད། དམིགས་བསལ་སྙན་སྒྲོན་པས་མི་རིགས་རྩ་མེད་གཏོང་བའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེན་རྡོག་རོལ་གཏོང་བ་ནི་མི་རིགས་སྡེབ་གསོད་བྱེད་མི་དགོས་པར། མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ལ་རྒོལ་རྡུང་བྱེད་པ་ནི་ལུས་པོར་དྲག་སྤྱོད་བྱེད་པ་དང་གཅིག་མཚུངས་ཀྱིས་གནོད་འཚེ་ཡོང་གི་ཡོད་པ་གསལ་སྟོན་གནང་ཡོད། དེ་བཞིན་སྙན་ཐོའི་ནང་བྱ་སྤྱོད་འདི་དག་གིས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་གན་རྒྱའི་ (International Covenant on Civil and Political Rights) དོན་ཚན་ ༢༧ ཏེ་སྤྱི་ཚོགས་ནང་གྲངས་ཉུང་མི་རིགས་ཚོས་རང་གི་རིག་གཞུང་ཉར་ཚགས་དང་། ཆོས་ལུགས་ལག་བསྟར། སྐད་ཡིག་བེད་སྤྱོད་བཅས་བྱེད་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་སྒྲིག་གཞི་དང་འགལ་གྱི་ཡོད་པ་གསལ་ཡོད། སྙན་ཐོའི་ནང་རྒྱ་ནག་གིས་ཕྱི་ལོ་ ༢༠༡༢ ནས་བཟུང་རྒྱལ་ཁབ་འཛུགས་བསྐྲུན་གྱི་ལས་གཞི་འགྲོ་བཞིན་པའི་རྐྱེན་པས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་རྣམས་ཟུར་ཕུད་བཏང་བ་དང་། བོད་རིགས་དང་མཚུངས་རྒྱ་རིགས་མ་ཡིན་པའི་མི་རིགས་དག་ལ་དབྱེ་འབྱེད་ཚབས་ཆེ་བྱེད་པའི་གནས་སྟངས་བསྐྲུན་ཡོད།...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པ་རྣམས་ནས་ཨ་རིའི་གྲོས་ཚོགས་ཀྱི་བསྟི་གནས་ཀེ་པི་ཊོལ་ཧིལ་ (Capitol Hill) དུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་ཝོ་ཀིན་ཤོ་ (James R. Walkinshaw) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་ཝིལ་སན་ (Joe Wilson) ལགས་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད། དེ་ཡང་མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་ཡིག་ཆ་ཁག་ལ་གཞི་བཅོལ་ནས་བརྩམས་པའི་དཔེ་དེབ་ངོ་སྤྲོད་གནང་བ་དང་འབྲེལ། དཔེ་དེབ་དེའི་ནང་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམ་པར་ཉེ་ཆར་དབུ་འབྱེད་གནང་བའི་སློབ་དཔོན་ལའོ་ལགས་ཀྱི་དཔེ་དེབ་ཨིན་ཡིག་ཐོག་བསྒྱུར་བ་དེ་ཕྱག་རྟགས་སུ་ཕུལ་བ་དང་། དེའི་རྒྱ་ཡིག་གི་པར་སྐྲུན་དེར་རྒྱ་ནག་གཞུང་གིས་ད་བར་ངོ་རྒོལ་བྱས་ཐུབ་མེད་པ་གསུངས།དེ་མཚུངས་ཚོགས་འདུའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་དང་། ཉེ་ཆར་པ་རག་ཏུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དོན་ཚན་ ༡༨ པའི་མཐུན་ཚོགས་ཚོགས་པའི་ཐོག་ཆོས་དད་རང་དབང་གི་ཐོབ་ཐང་ལ་གཞུང་གི་ཐེ་བྱུས་མེད་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་ཆོག་པའི་བསྒྲགས་གཏམ་གཏན་འབེབས་གནང་བའི་སྐོར་གྲོས་མོལ་གནང་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་བསྐྱར་ནན་གནང་བ་དང་སྦྲགས། བོད་ཀྱི་གནད་དོན་ནི་ད་ལྟང་གསོན་པོ་གནས་ཡོད་པ་ནན་བརྗོད་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གླེང་སྟེགས་ཐོག་ཕེབས་བཞུགས་ཀྱིས་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༠༣ ཉིན་ཨེཊ་ལན་ཊིག་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་བོད་མིའི་མང་གཙོའི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་བཅས།།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་བྱམས་སྙིང་རྗེའི་མཛད་རྗེས་ལ་ཆེ་བསྟོད་མཚོན་པའི་གྷེ་རེ་མི་གཟེངས་རྟགས་ཐོབ་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་བྱམས་སྙིང་རྗེའི་བསླབ་བྱ་ཚུད་པའི་སྒོམ་ (Meditations: The Reflections of His Holiness the Dalai Lama) ཞེས་པའི་གླུ་དབྱངས་ཕྱོགས་བསྡུས་ལ་རོལ་དབྱངས་ཀྱི་གཟེངས་རྟགས་གྲགས་ཅན་གྷེ་རེ་མི་གཟེངས་རྟགས་ཐོབ་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ལ་གཟེངས་རྟགས་འདི་ཐོབ་པར་གུས་བརྩི་དང་སྦྲགས་ཐུགས་རྗེ་ཆེ་ཞུ་གི་ཡོད། གཟེངས་རྟགས་འདི་མི་སྒེར་གཅིག་ལ་མིན་པར་འཇིག་རྟེན་ཀུན་ཁྱབ་སེམས་ཁུར་ལ་ངོས་འཛིན་ཆེ་མཐོང་གི་ཐོག་ནས་གནང་བར་ངོས་འཛིན་ཞུ་གི་ཡོད། ངོས་རང་གིས་ཞི་བདེ་དང་། བྱམས་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་རིགས་གཅིག་མཚུངས་ཀྱི་འདུ་ཤེས་བཅས་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བདེ་དོན་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། གྷ་རི་མི་ཆེ་བསྟོད་གཟེངས་རྟགས་འདིས་བརྒྱུད་འཛམ་གླིང་ཁྱོན་ཡོངས་ལ་བྱམས་བརྩེའི་བསླབ་བྱ་དེ་དག་ཁྱབ་སྤེལ་གཏོང་ཐུབ་པར་དགའ་པོ་བྱུང་། ཞེས་བཀའ་སྩལ་ཡོད།།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་རིག་པའི་མཁས་པ་ཁག་གཅིག་དང་མཇལ་འཕྲད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༣༠ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབས་ལ་གོ་རྟོགས་གཏིང་ཟབ་ཡོང་སླད་བསམ་མཛོད་བསྟི་གནས་ཁང་ནས་ཡིན་པའི་རྒྱ་ནག་རིག་པའི་ཐོག་ཆེད་ལས་མཁས་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་གླེང་མོལ་གནང་ཡོད། ལྷག་པར་ད་ལྟའི་རྒྱ་ནག་གིས་གོ་རིམ་ལྡན་པའི་ཐོག་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་དྲིལ་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་ལྟ་ཕྱོགས་ལ་འགྱུར་བ་གཏོང་མུས་ཡིན་པས་དེ་ལྟ་བུའི་མཇལ་འཕྲད་ནི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་ལོག་བརྗོད་བྱེད་དེ་བོད་པའི་འཐབ་རྩོད་ནི་ཁྲིམས་མཐུན་མ་ཡིན་པ་བཟོས་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དག་སྦས་གསང་བྱེད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གཙོས་པའི་གནད་དོན་གལ་ཆེན་ཁག་ལ་སྔོན་ཚུད་ནས་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་སྤྲོད་ཐབས་བྱེད་པ་དག་ལ་གདོང་ལེན་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། གནད་དོན་དེ་དང་འབྲེལ་ནས་ཁུངས་ལུང་ལྡན་པའི་ཡིག་ཚགས་དང་། དངོས་ཡོད་གནས་ཚུལ་ལ་གཞི་བཞག་པའི་ཐོག་ནས་ཞུ་གཏུག མཁས་པས་ཞིབ་ཚགས་ཀྱིས་ཉམས་ཞིབ་བྱེད་པའི་དཔྱད་རྩོམ་དག་གི་གལ་གནད་སྐོར་ནན་བཤད་གནང་ཡོད། དེ་ཡང་སློབ་དཔོན་ཧོན་ཤང་ལའོ་ (Hon-Shiang Lau) ལགས་ཀྱིས་རྒྱ་ནག་གོང་མའི་ལོ་རྒྱུས་ཀྱི་ཡིག་ཆ་དང་ཡིག་ཚང་ཁག་ལ་གཞི་བཅོལ་ནས་བྲིས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་འདི་ནི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་ཐུབ་པ་དང་། གཉན་འཕྲང་ཅན་གྱི་དུས་སྐབས་དེར་ལོ་རྒྱུས་དངོས་ལ་བསྐྱར་ནན་བྱེད་ཐུབ་པར་གལ་འགངས་ཆེན་པོ་ཡིིན་པ་གསལ་སྟོན་གནང་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨི་རིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་རཱ་ཡན་ཕུ་ཡོ་རེ་སི་ (Ryan Fioresi) ལགས་དང་ལས་བྱེད་རྣམས་དང་ཞིབ་ཕྲའི་བཀའ་སྡུར་གནང་བ་དང་། སྐབས་དེར་མཉམ་ལས་ཀྱི་ཞུ་གཏུག་ཐབས་བྱུས་དང་ཞུ་གཏུག་བྱ་ཡུལ། སྲིད་བྱུས་སློབ་སྟོན་བཅས་ཀྱི་ཐོག་བཀའ་སྡུར་གནང་ཡོད། སྲིད་སྐྱོང་མཆོག་དང་ལྷན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ལྷན་བཅར་ཞུས་ཡོད། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཐེབས་རྩའི་འགན་འཛིན་སྦོབ་ཨན་ཀར་སིན་ (Bob Ankerson) ལགས་དང་མཇལ་མོལ་གནང་གྲུབ་རྗེས་ཨན་ཇ་ལི་ཀོར་ (Anjali Kaur) ལགས་དང་མཇལ་མོལ་གནང་ཡོད། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཆེད་ཕེབས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༡ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ཌ་ལ་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་ཡོད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ཀེ་པོ་ཊོལ་ཧིལ་དུ་ཚོགས་འདུ་དང་། དེ་བཞིན་བགྲོ་གླེང་དང་གླེང་སྟེགས་རིམ་པ་ཁག་ཏུ་ཕེབས་ཞུགས་གནང་རྒྱུ་ཡིན་པ་རེད།དེ་ཡང་ཟླ་བ་ ༠༡ ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སློབ་དཔོན་ཧོན་ཤང་ལའོ་ (Hon-Shiang Lau) ལགས་ཀྱི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཆེད་ཕེབས་གནང་ཡོད། དཔེ་དེབ་འདི་ནི་རྒྱ་ནག་གི་ལོ་རྒྱུས་ཡིག་ཆ་ཁོ་ནར་གཞི་བཅོལ་ཏེ་བོད་ཀྱི་ལོ་རྒྱུས་གནས་བབ་ལ་མཁས་པའི་དཔྱད་ཞིབ་གསལ་གྱི་ཡོད། སྐབས་དེར་སློབ་དཔོན་ཧོན་ཤང་ལའོ་ལགས་དང་ལྷན་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཟུར་པ་སྐུ་ཞབས་སེམ་བྷི་རོན་བྷེག་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་བཅས་ཕེབས་ཞུགས་གནང་ཡོད། ལས་རིམ་དེ་བཞིན་རྒྱལ་སྤྱིའི་མང་གཙོ་ཁྱབ་སྤེལ་བསྟི་གནང་ཁང་གིས་གོ་སྒྲིག་གནང་ཡོད་ཅིང་། ཝ་ཤིང་ཀྲོན་དུས་བབས་ཀྱི་རྩོམ་འབྲི་པ་ཇོཤ་རོ་གིན་ (Josh Rogin) ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད། དཔེ་དེབ་འདི་ནི་ Optimum Publishing International རྒྱལ་སྤྱིའི་པར་སྐྲུན་ཁང་ནས་པར་སྐྲུན་གནང་ཡོད།དེ་ཡང་ཐོག་མར་སློབ་དཔོན་ལའོ་ལགས་ཀྱིས་རང་ཉིད་དཔེ་དེབ་བརྩམས་པའི་བརྒྱུད་རིམ་སྐོར་གསུང་བཤད་སྐབས་ཁོང་གིས་དཔྱད་ཞིབ་ཀྱི་ཚད་གཞི་གཙོ་བོ་གསུམ་ཐོག་ནས་ཡིག་ཆ་ལུང་འདྲེན་གནང་ཡོད་པ་འགྲེལ་བརྗོད་གནང་། དང་པོ་ཡིག་ཆ་ཁག་ཕྱི་ལོ་ ༡༩༤༩ སྔོན་དུ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཚོགས་པས་བརྩམས་པའི་ཡིག་ཆ་དགོས་པ་དང་། གཉིས་པ་ཡིག་ཆ་དེ་དག་ཕྱི་ལོ་ ༡༩༤༩ རྗེས་སུ་རྒྱ་ནག་གཞུང་གིས་བསྐྱར་དུ་པར་སྐྲུན་བྱས་པ་དགོས། གསུམ་པ་ཡིག་ཆ་དེ་དག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་གྲངས་མཛོད་ཡང་ན་མི་མང་དཔེ་མཛོད་ཁང་ནས་ཁུངས་སྐྱེལ་ཐུབ་པ་དགོས། ཞེས་དང་།...
དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༥་་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༨ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་བྱེད་ཕྱོགས་སྐོར་དང་། ས་གནས་འོས་བསྡུའི་ལས་ཁང་དང་། སྲི་ཞུའི་ལས་བྱེད་རྣམ་པ། འོས་མི་རྣམ་པ། གསར་འགྱུར་བརྒྱུད་ལམ་ཁག དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག མང་ཚོགས་བཅས་ལ་འོས་བསྡུའི་སྐབས་བྱེད་སྒོ་ལམ་སྟོན་ཁག་གཅིག་ལ་བསྐྱར་ནན། མང་ཚོགས་ཀྱི་དོགས་པ་ཁག་ལ་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད། སྦེལ་ཀོབ་ལུགས་བསམ་གཞིས་མི་ངག་དབང་བློ་གྲོས་ (ཨེམ་རྗེ་རྟ་ར་) དང་འབྲེལ་བའི་སྐོར་བཅས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས། བོད་པའི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། ད་སྐབས་འོས་བསྡུའི་གནས་སྟངས་ཐད། ད་བར་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་བྱེད་ཕྱོགས་སྐོར་སྙན་སེང་ཞུ་རྒྱུར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་འོས་ཤོག་རྣམས་པར་སྐྲུན་ཟིན་པ་དང་། ས་གནས་སོ་སོ་ནས་འོས་འཕེན་པ་དེབ་སྐྱེལ་གྲངས་འབོར་ལ་གཞིགས་པས་ས་གནས་ཁག་ཏུ་འོས་ཤོག་བཏང་ཟིན་ཡོད། ད་ལན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འདི་བཞིན་རྒྱལ་ཁབ་ ༢༧ ནང་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩ ཚོགས་ཆུང་དང་ལས་བྱེད་ཁྱོན་གྲངས་ ༡༧༣༧ སུད་ཚོང་ཁག་གྲངས་...
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་ཕྱག་འཁྱེར་བཞེས་མཁན་དགེ་བཤེས་ལྷ་རམས་པ་རྣམས་ལ་མཇལ...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་དགེ་འདུན་པ་ ༣༥༤ ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་སྐབས་བཅུ་དྲུག་པའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་གནང་བའི་མཛད་སྒོར་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་རྒྱུགས་སྤྲོད་དོ་དམ་པས་སློབ་གཉེར་ཁང་གི་བྱུང་རིམ་དང་ད་ལྟའི་གནས་སྟངས། ཕྱག་འཁྱེར་གྱི་གལ་གནད་སོགས་ངོ་སྤྲོད་སྙིང་བསྡུས་སྙན་སྒྲོན་ཞུས་མཚམས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༢༤ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་གཉེར་མཐར་ཕྱིན་པའི་དགེ་འདུན་པ་ ༡༧༤ དང་། ཕྱི་ལོ་ ༢༠༢༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་གཉེར་མཐར་ཕྱིན་པའི་དགེ་འདུན་པ་ ༡༨༠ ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་གནང་།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གི་སྐུ་ཚབ་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་རྣམ་གཉིས་ཀྱིས་གསུང་བཤད་དང་། ཤར་པ་ཆོས་རྗེ་༸རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་རྣམ་པ་གཉིས་ཀྱིས་རིམ་པར་བཀའ་སློབ་གསུང་བཤད་གནང་རྗེས་ལྷ་རམས་པ་རྣམ་པས་༸རྒྱལ་བའི་མཚན་སྔགས་བསོག་སྒྲུབ་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་སྒུག་ཞུས། ཆུ་ཚོད་ ༩ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒོ་མང་ཆོས་གྲྭ་གསར་པའི་ཡང་ཐོག་ནས་ཆིབས་བསྒྱུར་སྐབས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པས་སྤོས་སྣེ་དང་བཅས་ཕེབས་བསུ་དང་། མགོན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཕྱི་ལོ་ ༢༠༢༤ དང་ ༢༠༢༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་གཉེར་མཐར་སོན་པའི་དགེ་བཤེས་ལྷ་རམས་པ་རྣམས་དང་སྐུ་པར་ལྷན་སྒྲོན་དང་མཇལ་ཁ་བཀའ་དྲིན་སྩལ་ཡོད།ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང༌། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་ཙམ་རིང་གནས་ཐབས་མཛད་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་མཐུན་གྱི་དོན་ཚན་ཁག་ལ་རྩིས་མེད་དང་བོད་མིར་དྲག་གནོན་དབང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་བོད་གཞུང་སྤོ་བཤུག་དང་འབྲེལ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས།བོད་གཞུང་མང་བཙན་བྱོལ་དུ་ཕེབས་ནས་ལོ་བཅུའི་རྗེས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དགེ་ལྡན་རིག་གཞུང་གཅེས་སྐྱོང་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་...
བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༧ གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༠༡ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༧ སྲུང་བརྩི་ཞུས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་འཕགས་པ་ཚེ་རིང་མཆོག སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་མཆོག བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་བ་དྲུང་ལས་ཡན་གྱི་ལས་བྱེད་རྣམ་པ་བཅས་ནས་རང་ལུགས་ན་བཟའ་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་ལྷན་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བཞིན་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༧ སྲུང་བརྩི་ཞུས་གྲུབ་མཚམས་གསར་འགོད་པར་གསུང་དོན། དེ་རིང་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་གར་ནི་རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་དང་རྒྱ་གར་ནི་ལོ་ངོ་བརྒྱ་ཕྲག་མང་པོ་སྔོན་ནས་ཆོས་དང་རིག་གཞུང་ཐོག་འབྲེལ་ལམ་ཧ་ཅང་གཏིང་ཟབ་ཡོད་པ་མ་ཟད། ང་ཚོ་བོད་མི་ཚང་མས་སེམས་པའི་ནང་རྒྱ་གར་ནི་འཕགས་པའི་ཡུལ་ཞེས་དེ་སྔ་ནས་བརྩེ་བ་དང་གུས་བརྩི་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་ཐོག་ནས་བཙན་བཟུང་མ་བྱས་གོང་ལོ་རྒྱུས་ནང་བལྟས་པ་ཡིན་ན། རྒྱ་གར་དང་བོད་པ་གཉིས་ནི་ཕན་ཚུན་ཡིད་ཆེས་དང་། རྒྱ་གར་ལ་མཚོན་ན་བོད་ནང་གངས་རིན་པོ་ཆེ་ལ་སོགས་པར་གནས་སྐོར་ཕེབས་སྐབས་བཀའ་འཁྲོལ་ལམ་ཆོག་མཆན་སོགས་ཁྱོན་ནས་ཞུ་དགོས་ཀྱི་མེད། དེ་བཞིན་བོད་མི་རྣམས་རྒྱ་གར་ཀ་སྦུག་དང་། ཀོལ་ཀ་ཏ། རྡོར་གླིང་། རྡོ་རྗེ་གདན་སོགས་ལ་ཚོང་དང་གནས་སྐོར་སླད་ས་གནས་གང་དུ་ཕེབས་ཀྱི་ཡོད་ནའང་ཡིད་ཆེས་བློ་འགེལ་ཐོག་ནས་ཕེབས་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་ཐོག་ནས་བཙན་བཟུང་རྗེས་བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བའི་སྐབས་རྒྱ་གར་རང་ཉིད་ལ་དཀའ་ངལ་མང་དག་ཅིག་ཡོད། གང་ཡིན་ཞེ་ན་རྒྱ་གར་རང་བཙན་ཐོབ་སྟེ་ཕལ་ཆེར་ལོ་ངོ་བཅུ་གཉིས་ཙམ་ལས་ཕྱིན་མེད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་འདུན་ཞུས་པ་བཞིན། ཆོས་དང་རིག་གཞུང་། ཤེས་ཡོན། གཞིས་ཆགས་བཅས་སྔ་ཕྱི་བར་གསུམ་ལ་རྒྱ་གར་གཞུང་གིས་མཐུན་འགྱུར་འདྲ་མིན་གནང་པ་འདི་ནི་ཧ་ལས་པ་ཞིག་རེད། སྤྱིར་དཀའ་ངལ་ཡོད་པ་ཞིག་གིས་གཞན་ལ་རོགས་སྐྱོར་བྱེད་རྒྱུའི་བསམ་བློ་དེ་ཙམ་འཁོར་གྱི་མེད། སྐབས་དེར་རྒྱ་གར་ལ་དཀའ་ངལ་ཡོད་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་འདུན་ཞུས་པ་བཞིན་གནང་བ་དེ་མ་འོངས་བོད་ཀྱི་ལོ་རྒྱུས་ནང་ངེས་པར་དུ་འཁོད་དགོས་པ་ཞིག་དང་། རྒྱ་གར་གཞུང་མང་གཉིས་ནས་ང་ཚོ་དཀའ་ངལ་ཆེ་བའི་སྐབས་སུ་རོགས་སྐྱོར་གནང་བ་དེ་ནམ་ཡང་བརྗེད་རྒྱུ་མེད།བོད་མིར་མཚོན་ན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ངན་པ་འཛིན་བཞིན་ཡོད་པ་དང་།...
དཔལ་ལྡན་འབྲས་སྤུངས་ནས་བརྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་སྩལ་བ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞི་བཅས་ཁྱོན་ཉིན་གྲངས་བདུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་རྟེན་གཞི་བྱས་པའི་མོན་གྷོ་འདོད་རྒུ་གླིང་གི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། དགེ་འདུན་བཅུ་ཚོགས་ཀྱི་དབུས་སུ། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་། དགའ་ལྡན་བྱང་རྩེ་དང་ཤར་རྩེ་བཞིས་གཙོས་དགོན་སྡེ་གྲྭ་ཚང་བཅོ་ལྔའི་བསྒྲུབ་བྱ་ ༣༦༩ ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚངས་པར་སྤྱོད་པའི་གཙོ་བོ་བསླབ་གཞི་ཡོངས་སུ་རྫོགས་པ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་སྩལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཆོ་འཕྲུལ་ཟླ་བ་སྔ་མའི་ཚེས་ ༡༥ ཕྱི་ལོ་ ༡༩༥༤ ཟླ་བ་ ༢ ཚེས་ ༡༧ ཉིན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེ་དང༌། རྒྱལ་མཆོག་སྐུ་ཕྲེང་རིམ་པའི་ཐུགས་དམ་གྱི་རྟེན་ཐུབ་དབང་རྟ་ཟུར་མ། འདུལ་བ་ལུང་སྡེ་བཞིའི་གླེགས་བམ། སྒྲོལ་མ་གླིང་དགའ་མ་རྣམས་བཞུགས་སུ་གསོལ་བའི་སྤྱན་སྔར། གངས་ཅན་འདུལ་འཛིན་ཀུན་གྱི་ཏོག་ལྟ་བུ་བརྟན་མཁས་ཀྱི་དཔལ་ཡོན་ཡོངས་སུ་མངའ་བ་ཡོངས་འཛིན་ཆེ་བ་ཤར་པ་ཆོས་རྗེ་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོས་མཁན་སློབ་སྦྲགས་མ་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་ཐུབ་བསྟན་ཀུན་དགས་དུས་གོ་བ། ཡོངས་འཛིན་ཆུང་བ་ཁྲི་བྱང་རིན་པོ་ཆེས་གསང་སྟོན་པ།...
སྔ་འགྱུར་རྡོར་གདན་རྙིང་མའི་ཆོས་སྒར་གྱི་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༡༩ ནས་ ༢༨ བར་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་ ༣༧ པ་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༢༣ ཉིན་རྡོ་རྗེ་གདན་སྨོན་ལམ་ཆེན་མོའི་ཚོགས་ཞུགས་པ་དགེ་འདུན་གྲྭ་བཙུ་སྔགས་གསུམ་བཅས་ཀྱི་བཞུགས་གནས་སུ་ཆོས་སྒར་གྱི་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨཱ་རིཕ་ མོ་ཧམ་མད་ ཁན་ (Shri Arif Moharmmad Khan, Governor of Bihar) མཆོག་དང་། སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དབུས་རྙིང་མའི་བླ་ཆེན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་འབྲུག་གཞུང་གི་ནང་སྲིད་བློན་པོ་མི་རྗེ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་མཆོག བལ་ཡུལ་གྱི་སྐུ་ཚབ་བལ་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་གཟི་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག ཆོས་རིག་དྲུང་ཆེ། རྡོར་གདན་ས་གནས་ཀྱི་རྫོང་དཔོན་དང་།...
གསལ་བསྒྲགས།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༣ འཁོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཤོག་དང་། མཚན་རྟགས་བཅས་རྫུན་བཟོས་བྱས་པའི་ཡིག་འཁྱམ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་བཞིན་པ་དེ་དངོས་འབྲེལ་མིན་པས། དེ་དོན་རྒྱ་ཆེའི་མང་ཚོགས་ནས་ཡིད་གཟབ་དགོས་པ་དང༌། འདི་ནས་འབྲེལ་ཡོད་ལས་ཁུངས་སུ་ཡིག་རྫུན་དེའི་ཁུངས་བརྩད་དགོས་པའི་བཀོད་མངགས་ཞུས་ཡོད་པ་བཅས་ཀྱི་གསལ་སྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༣ ལ།
གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༣ རེས་གཟའ་པ་སངས་ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་དབུ་འཛུགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་གྱི་ཚོགས་འདུ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། དམིགས་བསལ་གདན་ཞུས་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། དེ་བཞིན་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ཚེ་རིང་ལགས་བཅས་གཏན་འཇགས་ཚོགས་མི་རྣམས་ཚོགས་ཞུགས་གནང་ཡོད་པ་བཅས། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་བློ་གསལ་གླིང་གི་བསྒྲུབ་བྱ་ ༥༤ ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པར་དགེ་སློང་གི...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་མཛད་དེ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། བློ་གསལ་གླིང་གི་བསྒྲུབ་བྱ་ ༥༤ ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་སྩལ་ཡོད། སྐབས་དེར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་བོད་རིགས་ཉུང་ཤས་ཤིག་ཟེར་དགོས་ནའང་། འཛམ་བུ་གླིང་འདིའི་སྒང་ནས་དགེ་ཚུལ་སློང་བསྒྲུབ་རྒྱུ་དེར་དམིགས་བསལ་དོ་སྣང་བྱེད་ཡོང་གི་འདུག དངོས་གནས་སྤོབས་པ་སྐྱེ་རྒྱུ་ཞིག་འདུག ཕྱི་རྒྱལ་གྱི་ལུང་པ་ཁག་ནས་ནང་པའི་ལྟ་སྒྲུབ། ནང་པའི་དགེ་སློང་ལ་དངོས་གནས་དམིགས་བསལ་གྱིས་དོ་སྣང་དང་དགའ་མོས་བྱེད་མཁན་ཡོང་གི་འདུག དེ་དངོས་གནས་ང་ཚོ་རང་བཞིན་གྱིས་སྤོབས་པ་སྐྱེ་རྒྱུ་ཞིག་རེད་འདུག ངོས་རང་བཙན་བྱོལ་བ་ཆགས་ནས་ནོར་བུ་གླིང་ག་ནས་བྲོས་ཡོང་བའི་ཁ་ཐུག་དེར་རབ་བྱུང་བསྙེན་རྫོགས་ཁྱོན་ཆེན་པོ་བསྒྲུབ་རྒྱུ་ཡོང་གི་རེད་བསམ་པ་ཁྱོན་ནས་མེད། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ལ་རིམ་པས་ལྷ་སའི་སྐྱིད་ཆུ་བརྒལ། གང་ལྟར་དགེ་ཚུལ་སློང་བསྒྲུབ་རྒྱུ་ཇེ་མང་ཇེ་མང་བྱུང་། ང་ཚོ་འདི་དག་གིས་དགེ་ཚུལ་སློང་གི་སྡོམ་པ་བསྒྲུབས། དགེ་ཚུལ་སློང་གི་སྡོམ་པ་དང་ལྡན་པའི་ཐོག་ནས་སངས་རྒྱས་པའི་བསྟན་པའི་ཞབས་འདེགས་སྒྲུབ་མཁན་ཡག་པོ་ཞིག་ཡོང་ཐུབ་རྒྱུ་ཞིག་ཚང་མས་ཧུར་ཐག་བྱོས། ངོས་རང་ཞོགས་པ་ཡར་གཉིད་སད་པ་དང་ངོས་རང་དགེ་སློང་ཞིག་ཡིན། ངོས་རང་དགེ་ཚུལ་སློང་གི་བསླབ་པ་ཉམས་ལེན་དང་ལྡན་པའི་ཐོག་ནས་རོགས་པ་ག་ཚོད་མང་མང་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་བླངས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་མཁན་གྱི་དགེ་སློང་དངོས་གནས་སྤུས་དག་པོ་དེ་འདྲ་ཞིག་ག་ཚོད་ཡོང་ཡོང་བྱ་ཐུབ་ན་བསམ་དྲན་གྱི་འདུག དེ་རིང་འདིར་བསྙེན་རྫོགས་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་རེད། ངོས་རང་ལ་ཆ་བཞག་ནའང་ལྷ་སའི་ཇོ་བོའི་སྐུ་མདུན་ལ་བསྙེན་རྫོགས་བསྒྲུབས་ནས། སྟག་བྲག་རིན་པོ་ཆེའང་ཡོད། དེ་ནས་གླིང་རིན་པོ་ཆེ་སྐྱབས་སུ་མཆི། ངོས་རང་ལ་དཔེ་ཆ་འཁྲིད། གཞུང་ཆེན་གྱི་ཀློག་འདོན་གནང་མཁན་གྱི་དགེ་རྒན་དངོས་གནས་དྲང་གནས་འགྲན་ཟླ་བྲལ་བ་ཞིག་རེད། ཁོང་གི་སྐུ་དྲིན་ལས་ངོས་ཀྱིས་དཔེ་ཆ་ཏོག་ཙམ་ཤེས་ཀྱི་ཡོད་པ་རེད། རང་གིས་ཤེས་པ་འདི་གཞན་ལ་ངོ་སྤྲོད་བྱས་ནས་༸རྒྱལ་བའི་དགོངས་པ་དང་མཐུན་པ་ཡག་པོ་ཞིག་ཡོང་ཐུབ་པར་དེ་ལྟར་ཡིན། ཞེས་བཀའ་སྩལ།།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བསྟན་བཞུགས་བསྟར་འབུལ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་རྭ་ནས་ཆིབས་གྲུར་ཕེབས་ཐོན་གྱིས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་གྱི་ཐོག་ཁར་གསར་བཞེངས་ཞུས་པའི་རྗེ་ཚེ་འཛིན་མ་དང་༸རྒྱལ་བའི་སྐུ་བརྙན་རྣམ་གཉིས་ལ་རབ་གནས་དང་། འཛིན་ཁང་མདུན་ཐང་དུ་ཤྲི་ལིངྐ་ནས་དགའ་བྱང་རྗེ་ཀླུ་འབུམ་སྤྲུལ་སྐུ་མཚན་སྒྲོག་རིན་པོ་ཆེས་གདན་འདྲེན་ཞུས་པའི་བྱང་ཆུབ་ཤིང་ལ་བྱིན་རླབས་གནང་རྗེས། དགའ་ལྡན་གསེར་གདུང་ཁང་དུ་ཆིབས་བསྒྱུར་གྱིས་རབ་གནས་བྱིན་འབེབས་མཛད་ཡོད།དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་ལྡན་མ་དགོན་ཆེན་པོ་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་གྱི་སྒོ་ཆེན་དུ་ཕེབས་མཚམས་བཀྲ་ཤིས་ཞོལ་བ་དང་། འདོད་རྒུ་གླིང་གཞིས་གྲོང་ཁག་གི་རྒན་གྲས་རྣམས་ནས་བོད་ཀྱི་ཡུལ་ལུང་སོ་སོའི་ཆས་གོས་ལེགས་པར་སྤྲས་ཏེ་ཕེབས་བསུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་པ་གཉིས། ས་གནས་འགོ་འཛིན། དགའ་ལྡན་ཚོགས་ཆེན་ཞལ་ངོ་རྣམ་པ་གཉིས་བཅས་ནས་སྤོས་སྣེ། སྤྱན་རྒྱ་སྤོས་འཛིན་བཅས་བླ་སྤྱིའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། བཞུགས་ཁྲིར་འཁོད་མཚམས་དབུ་བཞུགས་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་ཤིང་། བླ་མ་ལྷར་བསྐྱེད་ནས་གསུང་འདོན་གྱིས་བརྟན་བཞུགས་དངོས་གཞི་དབུ་འཛུགས་དང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།ཆོ་ག་བཟླས་པའི་བར་གསུངས་རྗེས་ཚོགས་འཁོར་འདེགས་འབུལ་དང་། གསོལ་འདེབས་མཎྜལ་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཚོམ་བུ་འདེགས་འབུལ་དང་ཤར་བྱང་གི་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས། ས་གནས་གཞིས་འགོ་བཅས་ནས་འདེབས་འབུལ་རམ་འདེགས་དང་། ཆོ་གའི་ཚིག་རིས་དང་བསྟུན་ནས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། ཚེ་བུམ། ཚེ་ཆང་། ཚེ་རིལ། བླ་གོས། སྣམ་སྦྱར། ཐང་གོས། གདིང་བ། ལྷུང་བཟེད། མཁར་གསིལ། རིགས་ལྔའི་མཚན་མ། རྒྱལ་སྲིད་སྣ་བདུན། རྟགས་བརྒྱད།...
དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་དབུ་འབྱེད་དང་རབ་གནས་མཛད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བླ་མ་ཙོང་ཁ་པའི་གདན་ས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་དང་། ༸རྗེ་ཚེ་འཛིན་མའི་སྐུ་བརྙན་ཕི་ཌི་ ༣༥ ཅན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་ཕི་ཌི་ ༢༥ ཅན་གསར་བཞེངས་ཀྱིས་སློབ་གཉེར་ཁང་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་དབུ་འབྱེད་དང་རབ་གནས་ཀྱི་བྱིན་རླབས་མཛད་ཡོད་པ་རེད།དེ་ཡང་ཞོགས་པ་ནས་སློབ་གཉེར་ཁང་གི་མདུན་ཐང་དུ་དགེ་འདུན་འདུས་མང་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་གསུང་འདོན་གྱིས་ཕེབས་སྒུག་ཞུས་ཤིང་། ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་འབྲས་སྤུངས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སློབ་གཉེར་ཁང་སྐལ་བཟང་དགའ་ཚལ་དུ་ཆིབས་བསྒྱུར་སྐབས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་བླ་མ་ལས་སྣེ། སློབ་གཉེར་ཁང་འདིའི་སྦྱིན་བདག་དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དང་མཛད་སྒོར་ཕེབས་པའི་ཁོང་གི་སློབ་མ་རྣམས་ནས་ཕེབས་བསུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་རྩེ་ཆོས་རྗེས་ཕེབས་བསུའི་མཇལ་ཁ་ཞུས་ཡོད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེས་སློབ་གཉེར་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་བྱང་གཟིགས་འབུལ་དང་། མཎྜལ་འདེགས་འབུལ་ཞུས། དེ་རྗེས་ཤྲི་ལང་ཀཱའི་རྒྱལ་ཁབ་ཀྱི་བླ་ཆེན་ (The Chief Monk from Sri Lanka) དང་། བྱང་ཆུབ་ལྗོན་ཤིང་གི་དགོན་པའི་དབུ་འཛིན་ནས་བྱང་ཆུབ་ལྗོན་ཤིང་གི་ཆ་ཤས་ཕུལ་ཏེ་བྱིན་རླབས་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གཉེར་ཁང་ལ་རབ་གནས་བྱིན་འབེབས་ཀྱིས་དབུ་འབྱེད་རབ་གནས་ཀྱི་མཛད་སྒོ་ལེགས་པར་གྲུབ་སྟེ་དགའ་ལྡན་གསེར་གདུང་ཁང་ལ་རབ་གནས་བྱིན་འབེབས་མཛད་ཡོད།མཛད་སྒོ་འདིར་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་འབྱོར་ལྡན་རིན་པོ་ཆེ། ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། མཁར་ཟུར་རྣམ་པ། སྒོ་མང་མཁན་རིན་པོ་ཆེ། བློ་གླིང་མཁན་རིན་པོ་ཆེ། སེར་སྨད་མཁན་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ།...

































