བོད་མིའི་སྒྲིག་འཛུགས། - Tibet Tribune

བོད་མིའི་སྒྲིག་འཛུགས།

སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་གྱི་ལས་རིམ་ཆ་ཤས་སུ་ཟླ་རེའི་ཞབས་རིམ་གསོག་སྒྲུབ་ཞུས་པ།

༄༅། །བོད་མིའི་སྒྲིག་འཛུགས་ནས་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་བསྟུན་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༧ ཉིན་ཏེ་༸སྐུའི་བླ་གཟའ་ཉིན་སྤོན་ཊ་ཆོལ་གསུམ་ས་གནས་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་གྱི་ལས་རིམ་ཆ་ཤས་སུ་རྣམ་དཀར་དགེ་བའི་ཆོས་ཕྱོགས་དང་འབྲེལ་བའི་ལས་རིམ་ཁག་གཅིག་སྤེལ་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་  ༩ ནས་ ༤ བར་སྤོན་ཊ་ཆོལ་གསུམ་མི་མང་མཆོད་ཁང་དུ་གཞིས་མི་རྣམས་ཚང་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་འགྲུབ་ཆེད་མ་ཎི་དང་སྒྲོལ་མའི་གཟུངས་སྔགས་ཁག་གནད་སྨིན་གསོག་འདོན་འབད་སྒྲུབ་ཞུས་ཡོད། མཐར་ས་གནས་གོ་སྟོན་ལས་རིམ་ཆ་ཤས་སུ་ཞབས་རིམ་ཁག་གོ་སྒྲིག་ཞུས་པ་བཞིན་ལེགས་གྲུབ་ངང་ནས་གྲོལ་ཡོད།  །

སྡེ་ར་ལྡུན་ས་གནས་གོ་སྟོན་ཚོགས་ཆུང་གིས་སྡེ་ར་ལྡུན་ཁུལ་དུ་འགྱིག་གུར་ནང་གནས་སྡོད་ཁྱིམ་ཚང་ལྔ་བརྒྱ་ཡས་མས་ཤིག་ལ་ཉིན་གུང་ཞལ་ལག་དང་མལ་གཟན་བགོ་འགྲེམས་ཞུས་པ།

༄༅། །བོད་མིའི་སྒྲིག་འཛུགས་ནས་༸རྒྱལ་བའི་གོ་སྟོན་དང་སྟབས་བསྟུན་ལོ་ཧྲིལ་པོ་བྱམས་བརྩེའི་ལོ་ཞེས་ཡོངས་་ཁྱབ་གསལ་བསྒྲགས་དང་སྦྲགས་བོད་མིའི་འདུས་སྡོད་ས་གནས་ཚང་མས་ལས་རིམ་སྣ་ཚོགས་ཀྱི་སྒོ་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་དང་ཞུ་མུས་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༦ ཉིན་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གོ་སྟོན་ཚོགས་ཆུང་གིས་སྡེ་ར་ལྡུན་ས་གནས་མལ་དེབ་ཏཱ་ (Maldevta) ཞེས་པར་འགྱིག་གུར་ནང་སྡོད་མཁན་ངལ་རྩོལ་བའི་ནང་མི་ཁྱོན་བསྡོམས་ལྔ་བརྒྱ་ཡས་མས་ཤིག་ལ་ཉིན་གུང་ཞལ་ལག་དང་། དེ་རྗེས་ནང་མི་དེ་དག་ལ་དགུན་དུས་གྲང་ངར་ཆེ་བར་སོང་མལ་གཟན་གྲངས་ ༣༢༠ བགོ་འགྲེམས་ཞུས་ཐུབ་བྱུང་ཡོད། ལས་གཞི་ལག་བསྟར་ཆེད་སྡེ་ར་སྡུན་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་གཙོས་པའི་ལས་བྱེད་ཁག་གཅིག་དང་། རཇ་སྤུར་མཉམ་ལས་བཟོ་འགོ་བསམ་གཏན་ཆོས་འཕེལ་ལགས། བདེ་སྐྱིད་གླིང་གི་སྤྱི་མི་བསོད་ནམས་ལྷ་དབང་ལགས་གཙོས་པའི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ཚེ་རིང་དོན་ལྡན་གྱི་སྤྱི་མི་འཆི་མེད་རྡོ་རྗེ་ལགས་གཙོས་པའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག དགེ་འཕེལ་གླིང་གི་བརྒྱ་དཔོན་བཅས་བཅར་ཡོད།།

བོད་མིའི་རང་དབང་འདོན་ཐེངས་ ༥༡ པ།

https://feeds.soundcloud.com/stream/2231748584-user-894581147-u5tyjfqad0kw.mp3 ཕབ་ལེན། ༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་དྷ་རམ་ས་ལར་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བ། ༣༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

བོད་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་བོད་མི་ཚོས་བཀག་འགོག་བྱས་པར་རྒྱ་ནག་གཞུང་གིས་མི་གྲངས་བརྒྱད་ཅུ་ལྷག་འཛིན་བཟུང་དང་གནས་ཚུལ་ཕྱིར་བསྒྲགས་ལ་དམ་དྲ...

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་དང་འབྲེལ་བའི་ཐོག་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་བ་རུ། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༢།༡༡ སྟེང་གསེར་ཁོག་ཅེས་པའི་ཀ་བཞི་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱེད་པར་ཀ་བཞིའི་ཡུལ་མི་དག་གིས་མཐོང་ནས་བཀག་འགོག་དང་ཡུལ་ཚོའི་འགོ་ཁྲིད་དག་ལ་ཡར་ཞུ་བྱས་པས་ཡུལ་ཚོའི་འགོ་ཁྲིད་དག་གིས་ཁོང་རྣམས་ལ་རྒྱབ་སྐྱོར་ཙམ་ཡང་མེད་པར་ཁྱེད་རང་ཚོར་ཐེ་བྱུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད། ང་ཚོར་རྟོག་ཞིབ་དང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་རེད་ཅེས་ཧམ་རྫུན་དང་། ཁྱོད་རང་ཚོས་གསེར་བརྐོ་བར་བཀག་འགོག་བྱས་པ་ནོར་འཁྲུལ་ཡིན་རབས་བརྗོད་སྐབས། དུས་རྣམ་ཀུན་ཏུ་ཡུལ་མི་དག་ལ་དབང་ཡོད་དང་གཉའ་གནོན་ཚད་མེད་བྱས་པ་མ་ཟད། ད་ལན་ཡང་དེ་ལྟར་བྱས་སྟབས། ཡུལ་མི་དག་གིས་འུ་ཐུག་ཐབས་ཟད་ཀྱིས་ངོས་ལེན་བྱེད་མ་ཐུབ་པཪ་ཁ་རྩོད་ཤོར་ཡོད་འདུག ཕྱི་ཚེས་ ༦ དགོང་དྲོ་ཆུ་ཚོད་ ༦།༥༠ སྟེང་ཀ་བཞི་ཡུལ་ཚོ་ནས་མི་མང་རིམ་བཞིན་འཛིན་བཟུང་བྱེད་འགོ་བཙུགས་ནས་སེརཤུལ་རྫོང་ལ་བཙན་ཁྲིད་བྱས། ཉེས་རྡུང་དང་བཀག་ཉར་བྱས་དང་བྱེད་བཞིན་པར་མ་ཚད་མི་ཁ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ད་ལྟའི་ཆར་མིའི་གྲངས་ཚད་བརྒྱད་ཅུ་ཡས་མས་ཤིག་འཛིན་བཟུང་དང་ཉེས་རྡུང་བཏང་བར་བཤད་པ་ལས། གྲངས་ཚད་དང་མཇུག་འབྲས་ཇི་ཡོང་བཤད་ཚོད་མི་ཐིག་པའི་གནས་ཚུལ་འདུག ཐེངས་འདིའི་གནས་ཚུལ་བྱུང་སྐབས་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། དྲག་ཆས་ཉེན་རྟོག་པ། དམག་མི། ཡུལ་ཚོའི་འགོ་ཁྲིད་བཅས་ཀྱིས་ཀ་བཞིའི་ཡུལ་ལུང་ཡོངས་རྫོགས་མཐའ་སྐོར་བ་མ་ཟད།  སྐབས་དེར་ཚོགས་འདུ་ཞིག་ཚོགས་ནས་འགོ་ཁྲིད་ཚོས་བཤད་དོན།...

སྤུར་ཝ་ལ་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་བྱམས་བརྩེ་ལོའི་ལས་རིམ་ཆ་ཤས་སུ་ས་གནས་ཀྱི་ཉམ་ཐག་རྣམས་ལ་གྱོན་གོས་བགོ་འགྲེམས་གནང་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་དང་། ནོར་སྦེ་ཞི་བདེ་གཟེངས་རྟགས་ཀྱི་དུས་ཆེན་དང་བསྟུན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༠ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་དགུན་ཁའི་དུས་སུ་ས་གནས་ཉམ་ཐག་རྣམས་ལ་དཀལ་ངལ་མི་ཡོང་སླད་གྱོན་གོས་བགོ་འགྲེམས་གནང་ཡོད། དེ་ཡང་གྱོན་གོས་བསྡུ་རུབ་ཀྱི་ལས་གཞི་ནང་སྡེ་ཚན་གཉིས་སུ་ཕྱེ་ཡོད། དང་པོ་དེར་ལུ་དྷི་ཡ་ན་ནས་ཐོན་པའི་སྟོད་གོས་དང་། སྐྱེས་པ་དང་བུད་མེད་ཆེད་སྦ་ལན། ཕྲུ་གུའི་ཆེད་སྟོད་གོས་བཅས་དང་། བེད་སྤྱོད་ཟིན་ཀྱང་སྤུས་ཀ་ལེགས་པའི་གོན་ཆས་རྙིང་པ་བཅས་ཡིན་པ་རེད། སྐབས་དེར་སྤུར་ཝ་ལ་གནས་སྡོད་བོད་མི་རྣམས་ནས་གཏོང་ཕོད་ཆེན་པོས་ཞལ་འདེབས་རྒྱ་ཆེ་གནང་ཡོད། གོན་ཆས་བགོ་འགྲེམས་ཀྱི་ལས་གཞི་དེ་བཞིན་ཕན་ཐོགས་ཤུགས་ཆེ་ཡོང་སླད་ཞིབ་ཚགས་ངང་སྤེལ་ཡོད་པ་དང་། གྱོན་གོས་གསར་པ་རྣམས་ས་གནས་ཀྱི་ཉམ་ཐག་ཁྱིམ་ཚང་དང་། ལྷག་པར་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་གསར་དུ་འབྱོར་བའི་གྲྭ་ཕྲུག་རྣམས་ལ་བགོ་འགྲེམས་ཐུབ་པ་བྱུང་ཡོད།  གཞན་ཡང་སྡེ་ཚན་གཉིས་པ་སྟེ་བདེ་སྤྱོད་ཟིན་པའི་གྱོན་གོས་རྙིང་པ་རྣམས་མཐུན་རྐྱེན་ཞན་པའི་སྤོན་ཊ་དང་ཌག་པ་ཐར་ (Dakpathar) ས་ཁུལ་དུ་གུར་ཕུབ་ནས་གནས་སྡོད་བྱེད་མཁན་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་སྦྱིན་གཏོང་གནང་ཡོད། ལས་གཞི་འདིའི་བརྒྱུད་གྲང་ངར་ཆེ་བའི་དགུན་ཁའི་ནམ་དུས་སུ་དབུལ་ཕོངས་རྣམས་ལ་དཀའ་ངལ་སེལ་བ་ཙམ་དུ་མ་ཟད། བྱམས་སྙིང་རྗེ་དང་སྤྱི་ཚོགས་ཞབས་ཞུའི་སྙིང་སྟོབས་གོང་མཐོར་བཏང་ཐུབ་པ་བྱུང་ཡོད། །

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་རྒྱ་གར་གྱི་ས་ཁུལ་ཁག་གཅིག་ཏུ་རིན་མེད་སྨན་སྦྱིན་གནང་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩིའི་སླད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ས་གནས་ཁག་གཅིག་ཏུ་རིན་མེད་སྨན་སྒར་གྱི་ལས་གཞི་སྤེལ་ཡོད།དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༥ ཉིན་སྤོན་ཊ་ཡན་ལག་སྨན་རྩིས་ཁང་གིས་ཧ་པ་སྤུར་དུ་རིན་མེད་འཕྲོད་བསྟེན་བརྟག་དཔྱད་དང་། རྒྱ་གར་གྱི་ཡུལ་མི་ནད་པ་སྐྱེས་པ་ ༤༤ དང་བུད་མེད་ ༣༡ བཅས་ཁྱོན་བསྡོམས་མི་གྲངས་ ༧༤ ལ་རིན་མེད་ཐོག་བདུན་གཅིག་རིང་གི་སྨན་སྦྱིན་གནང་ཡོད། དེ་བཞིན་ཨེམ་ད་བད་ (Ahmedabad) ཡན་ལག་སྨན་རྩིས་ཁང་ནས་ས་གནས་མི་མང་ལ་རིན་མེད་ཐོག་འཕྲོད་བསྟེན་བརྟག་དཔྱད་དང་སྨན་གྱི་མཐུན་རྐྱེན་བསྐྲུན་ཡོད། ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་གངས་སྐྱིད་ཡན་ལག་སྨན་རྩིས་ཁང་ནས་དྷ་ས་གྲོང་སྡེའི་ལས་ཁུངས་སུ་ནད་པ་མང་པོར་སྨན་བཅོས་རྒྱབ་སྐྱོར་དང་སྨན་སྤྲོད་མཐུན་རྐྱེན་སྦྱར་ཡོད། གཞན་ཡང་ཀུ་ལུ་མ་ན་ལི་ས་གནས་ཡན་ལག་སྨན་རྩིས་ཁང་ནས་གོང་མཚུངས་རིན་མེད་སྨན་སྒར་གྱི་ལས་གཞི་སྤེལ་ཡོད། །