གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

2 months ago

གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།

གསར་ལས་ཁང་གི་གསར་འགོད་པས།

༢༠༢༦-༠༣-༠༨

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཀེའུ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་སྲུང་བརྩི་ཞུ་བཞིན་ཡོད། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། ལོ་རྒྱུས་ཀྱི་གནས་བབ་དྲན་གསོ་དང་། བོད་ས་མ་ཤོར་བའི་སྐབས་ནས་བོད་སྤྱི་པའི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་ཡོངས་ལ་དྲན་གསོ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།

ཕྱི་ལོ་ ༡༩༨༧།༡༩༨༨།༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཅོས་པའི་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མེད་པ་བཟོ་གི་ཡོད་པ་དེ་དག་གཙོ་བོ་འཛིན་པའི་ཐོག་ནས་ཞི་བའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་དང་། ཕྱི་ལོ་ ༡༩༨༩ ཟླ་བ་ ༣ ཚེས་ ༨ ཉིན་དྲག་གནོན་གྱི་ཁྲིམས་གཞི་བསྡམས་ནས་བོད་ནང་གདུག་རྩུབ་ཚད་མེད་བྱུང་ཡོད། དྲག་པོའི་ཁྲིམས་གཞི་བསྡམས་པ་ལ་བརྟེན་ནས་བོད་མི་ཁྲི་ཚོ་མང་པོར་ཉེས་མེད་བཙོན་འཇུག་དང་། མནར་གཅོད། དེ་བཞིན་གར་སོང་ཆ་མེད་ཕྱིན་པའི་གནས་སྟངས་ཆགས་ཡོད། དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པའི་བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེད་ཀྱང་ཞུ་གི་ཡོད། ལྷག་པར་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་ཚང་མར་དྲན་གསོ་ཞུ་དགོས་རྒྱུ་དང་། དེ་བཞིན་ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན། ད་ལྟ་སྨོན་ལམ་གསུང་བཞིན་པའི་སྐབས་སུ་རྒྱལ་སྤྱིའི་ནང་དམག་འཁྲུག་མང་པོ་ཡོང་བཞིན་པ་དང་འབྱུང་བའི་རྐྱེན་གྱི་མིའི་སྲོག་མང་པོ་ཤོར་བཞིན་ཡོད་པ་དེ་དག་ཚང་མར་རྒྱ་ཆེ་ནས་དམིགས་འོག་བཟུང་སྟེ་སྨོན་ལམ་གསུང་འདོན་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་ཆུ་ཚོད་ ༡༠།༣༠ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།

༢༠༢༦-༠༣-༠༦

༢༠༢༦-༠༣-༠༦

༢༠༢༦-༠༣-༠༦

༢༠༢༦-༠༣-༠༦

Original Article