རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ པའི་ནང་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས་སུ་རྒྱུ་མཚན་གང་ཡང་མ་བཤད་པར་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ཉེ་ཆར་གཞི་ནས་ཤེས་རྟོགས་བྱུང་བའི་ཐོག ད་ལྟ་གནས་ཚུལ་འཕར་མ་ཤེས་རྟོགས་བྱུང་བའི་ནང་དུ། སྐབས་དེར་གྲྭ་དཔལ་ལྡན་ཡེ་ཤེས་ལགས་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་གཅིག་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་གི་རིང་བཀག་ཉར་གྱིས་གཅར་རྡུང་དྲག་པོ་བཏང་བ་སོགས་ནང་མི་ལའང་སུན་གཙེར་དང་འཇིགས་སྐུལ་བྱས་ཡོད་འདུག རྩ་བའི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒན་དཔལ་ལྡན་ཡེ་ཤེས་ལགས་ནག་ཉེས་འདི་ཡིན་གསལ་བཤད་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ཁོང་གར་ཡོད་ཅི་བྱུང་སོགས་ཤེས་རྟོགས་མེད་པར་གྱུར་ཡོད་པའི་ཁར། འདི་ལོ་བཙོན་འཇུག་བྱས་ནས་ལོ་ ༤ ཙམ་ཕྱིན་པའི་རྗེས་སུ་རྒན་དཔལ་ལྡན་ཡེ་ཤེས་ལགས་བོད་ལྗོངས་ཆུ་ཤུལ་བཙོན་ཁང་དུ་ཡོད་པ་དང་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད། རྒན་ཁོང་འཛིན་བཟུང་བཙོན་འཇུག་བྱས་པའི་ནག་ཉེས་ཁ་གསལ་ད་ལྟ་བར་དུ་བྱས་མེད་པ་དེ་ལྟར་ཡང་། འབྲེལ་ཡོད་ཚོའི་ངོས་ནས་དེ་སྔ་རྒན་དཔལ་ལྡན་ཡེ་ཤེས་ལགས་དགོན་པའི་དགེ་རྒན་གནང་སྐབས་ཡུལ་མིའི་ལོ་ན་ཆུང་བའི་སློབ་ཕྲུག་ ༣༠༠ ལྷག་ལ་གུང་སེང་སྐབས་སུ་བོད་ཡིག་སློབ་ཁྲིད་གནང་བ་ཁྲིམས་འགལ་དུ་རྩིས་ཏེ་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེའི་ཁྲོད་གྲྭ་དཔལ་ལྡན་ཡེ་ཤེས་ལགས་ཀྱི་ཕ་བསོད་ནམས་ཚེ་དབང་ལགས་ཡུན་རིང་སེམས་ཁྲལ་བྱས་རྐྱེན་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༩ ཉིན་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། དེ་རིང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། དེ་སྔོན་རྒན་དཔལ་ལྡན་ཡེ་ཤེས་ལགས་དེ་སྔ་དགོན་པའི་དགེ་རྒན་གནང་བའི་སྐབས་སློབ་གྲྭའི་གུང་སེང་སྐབས་སུ་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་གནང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁོང་ལ་སུན་གཙེར་དང་མི་དགའ་བའི་རྣམ་འགྱུར་ལན་མང་བསྟན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༢༡ ལོར་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཁོང་གི་འབྲེལ་ཡོད་ཚོས་སྲིད་གཞུང་ལ་ཐེངས་བཞི་ཙམ་འབྲེལ་བ་བྱས་ནས་སྐད་ཆ་དྲིས་ཡོད་ཀྱང་གནས་ཚུལ་ཁ་གསལ་གང་ཡང་བཤད་མེད་པ་མ་ཟད། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་འཇིགས་སྐུལ་དང་བསུན་གཙེར་ཡང་ཡང་བཟོས་པ་དང་། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་གཅིག་བཙན་ཁྲིད་བྱས་ཏེ་བདུན་ཕྲག་གཅིག་ལྷག་རིང་གཅར་རྡུང་བཏང་ཞིང་འདྲི་རྩད་བྱས་ཡོད་འདུག རྒན་དཔལ་ལྡན་ཡེ་ཤེས་ལགས་ནི་དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་ཕ་བསོད་ནམས་ཚེ་དབང་དང་། ཀླུ་སྦྱིན་ཚང་ཨ་མ་བསྟན་དགའ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༢ ཡིན་འདུག་ལ། ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་གསུམ་ཡོད་འདུག ཁོང་ནས་དཀར་མཛེས་དགོན་གྱི་དགེ་རྒན་གནང་ཡོད་པ་མ་ཟད། སློབ་གྲྭ་ཁག་གི་དབྱར་དགུན་གུང་སེང་སྐབས་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཡིག་སོགས་སློབ་ཁྲིད་གནང་ཡོད་འདུག
The post གྲྭ་དཔལ་ལྡན་ཡེ་ཤེས་ལགས་ཀྱི་ནང་མི་སྤུན་མཆེད་ཀྱང་བཀག་ཉར་གྱིས་གཅར་རྡུང་དང་འཇིགས་སྐུལ་བྱས་པ། appeared first on vot.




