གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་རྒྱུན་སླར་གསོ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་ལོ་ངོ་ ༤༠ ལྷག་ཉམས་ཆགས་སུ་ཕྱིན་པའི་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་རྒྱུན་སླར་གསོ་དང་མི་མང་ལ་གཟིགས་འབུལ།
བོད་ཀྱི་ཟློས་གར་ཚོགས་པས་ཨོ་དྡི་ཤ་ཕུན་ཚོགས་གླིང་དུ་གནས་སྡོད་གླིང་བྲོ་བདེ་ཆེན་རོལ་མོའི་རྒྱུན་འཛིན་པ་རྣམས་ལ། གླིང་བྲོ་བདེ་ཆེན་རོལ་མོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དབྱངས་ཀྱི་འགྱུར་ཁུག གླིང་བྲོའི་སྒྱུ་རྩལ་དང་གར་སྟབས། རོལ་མོ་དང་བྲོ་ཆས། འདོན་སྟངས་སོགས་སློབ་ཁྲིད་ཡོངས་སུ་ཞུས་ཏེ། འདི་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ་ཨོ་དྡི་ཤ་ཕུན་ཚོགས་གླིང་དུ་འཚོགས་བཞིན་པ་དང་བསྟུན། བོད་ཀྱི་ཟློས་གར་ཚོགས་པའི་ནང་ལོ་ངོ་ ༤༠ ལྷག་ཉམས་ཆགས་སུ་ཕྱིན་པའི་གླིང་གེ་སར་གྱི་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་པའི་འཁྲབ་རྒྱུན་སླར་གསོ་གནང་སྟེ་མི་མང་ལ་གཟིགས་འབུལ་གནང་ཡོད་པ་རེད།
རྩ་བའི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པའི་རྗེས། བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་དང་བསྟུན། རྭ་སྒྲེང་རྒྱལ་པོའི་བྲོ་དཔོན་ནོར་བཟང་མཆོག་དང་། སྲས་མོ་དབྱངས་འཛོམས། སྐལ་བཟང་ཆོས་སྒྲོན་བཅས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས། ཕྱི་ལོ་ ༡༩༦༤ ལོར་ཨོ་དྡི་ཤ་གཞིས་གྲོང་གསུམ་པར་༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདན་སར་དོན་གཉེར་ཅན་རྣམས་ལ་གླིང་བྲོའི་ཆོ་ག་སློབ་སྟོན་དང་འཁྲབ་ཁྲིད་བཅས་ཀྱི་བཀའ་དྲིན་བསྐྱངས་ཡོད་པ་དང་། ཨོ་རི་སར་གླིང་བྲོའི་ཆོ་ག་ཡང་དར་གྱི་འཁྲབ་འཁྲིད་དང་ཚོགས་པ་བཅས་ཐོག་མ་དབུ་བརྙེས། ཕྱི་ལོ་ ༡༩༦༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་དྡི་ཤ་གཞིས་ཆགས་སུ་ཆིབས་བསྒྱུར་སྔ་ཕྱིའི་སྐབས། གླིང་བྲོ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གཟིགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་གྱིས་བསྔགས་བརྗོད་དང་མཐུན་རྐྱེན་རྒྱབ་སྐྱོར་ཡང་མཛད། ཕྱི་ལོ་ ༡༩༧༤ ཡས་མས་ནས་འགོ་འཛུགས་ཀྱིས་གླིང་བྲོ་དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་དར་ཁྱབ་བྱུང་ཡོད་པ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ནང་གི་སྒྲུང་གཏམ་རིང་ཤོས་ཤིག་དང་། གླེང་མི་ཚར་བའི་དཔའ་བོའི་ངོ་མཚར་གྱི་ལོ་རྒྱུས་ཤིག་ཀྱང་ཡིན་པ་རེད། །





