དགེ་ལུགས་སྤྱི་འཐུས་ལས་ཐོག་གཉིས་ནས་འབྲས་སྤུངས་ཚོགས་ཆེན་དུ་བཤགས་སྡོམ་དམ་བཅའ་ཕུལ་འདུག

3 months ago

ཉེ་སྔོན་གཞུང་རྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་འབྲེལ། ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་འབྲས་སྤུངས་བླ་སྤྱི་ནས་ལས་ཐོག་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམས་གཉིས་ལ་འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་བར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་འདེད་གནང་བ་བཞིན། དེ་རིང་དགེ་ལུགས་སྤྱི་འཐུས་གཉིས་པོས་འབྲས་སྤུངས་ཚོགས་ཆེན་དུ་བཤགས་སྡོམ་ཁས་ལེན་དམ་བཅའ་ཕུལ་འདུག རྩ་བའི་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་འབྲས་སྤུངས་བླ་སྤྱི་རུ་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་མཛད་རྗེས།  ཚེས་ ༢༧ ཉིན་གཞུང་རྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་སྐབས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་སྡེ་སྤྱི་ནས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བརྟན་བཞུགས་ཟབ་མོ་ལེགས་པར་བགྱིས་པ་འདི་ནི་ཤིན་ཏུ་ལེགས་ལ།  འོན་ཀྱང་ཕྱི་ཡི་རིམ་གྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མི་གཙང་བའི་འགལ་རྐྱེན་ཡོད་ཙ་ན། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང༌། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང༌། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིས་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་དེ་ཡིན་ལ། དེས་མཚོན་པས་དགྲ་བཅོམ་འཕགས་པའི་དགེ་འདུན་རྣམས་ལ་ཡང་མཚན་སྨད་ཞུ་བའི་དུས་ལ་བབས་པས་ན་འགན་འཁུར་བ་རྣམ་པས་མཚམས་འཇོག་ལེགས་པར་བགྱིད་ན་ལེགས་སོ་ཞེས་རྡོ་རྗེའི་བཀའ་ལུང་ཕེབས་ཡོད་པ་རེད། དེ་འབྲེལ་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡ པོའི་ཚེས་ ༩ ཉིན་འབྲས་སྤུངས་བླ་སྤྱི་ནས་ཐག་གཅོད་གསལ་བསྒྲགས་བསྐྱངས་པའི་ནང་དུ། དགེ་ལུགས་སྤྱི་འཐུས་ལས་ཐོག་གཉིས་ནས་ཟླ་བ་འདིའི་ཚེས་ ༡༩ ནང་ཚུད་ལ་གྲྭ་སར་འབྱོར་བ་གནང་སྟེ།  ཕྱི་ཚེས་ ༢༠ འམ་བོད་ཟླ་ ༡༢ ཀྱི་ཚེས་ ༢ སྟེ། གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་དགེ་བའི་ཉིན་ཞོགས་པའི་ལྷ་ཚེས་ཀྱི་སྐབས་དང་བསྟུན་ནས་འབྲས་སྤུངས་ཚོགས་ཆེན་དུ་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་སྤྱན་སྔར་མཇལ་དར་སྒྲོན་འབུལ་དང༌། འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་བར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་མ་གནང་བ་མ་ཟད། དེ་ལྟར་མ་བྱུང་ཚེ་འབྲས་དཀར་སྤུངས་པའི་ངོས་ནས་རི་བོ་དགེ་ལུགས་པའི་མགྲིན་ཚབ་ཏུ་ངོས་ལེན་ཞུ་ཐབས་མེད་ཅེས་གསུངས་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༢༠ སྔ་དྲོ་དགེ་ལུགས་སྤྱི་འཐུས་གཉིས་ཀྱི་གཙོས་པའི་འབྲས་སྤུངས་མཁན་བླ་འདུས་མང་དང་བཅས་པ་ཡོངས་རྫོགས་འབྲས་སྤུངས་ཚོགས་ཆེན་དུ་ལྷན་འཛོམས་ཐོག དབུ་མཛད་ཀྱིས་འདོན་པ་གསུངས་བཞིན་སྤྱན་འདྲེན་གྲུབ་མཚམས་འབྲས་སྤུངས་རྒྱལ་བའི་ཁྲི་ཚབ་དང་ཁྲི་ཟུར། མཁན་པོ་དང་མཁན་ཟུར་རྣམས་ལྷ་མོ་ཁང་དུ་ཕེབས་རྗེས། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་གཉིས་ནས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ནང་༸རྒྱལ་བའི་བཞུགས་ཁྲིའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་། དཔལ་ལྡན་ལྷ་མོ་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་གཉིས་ལ་མཇལ་དར་ཕུལ་བ་དང་འབྲེལ་ནས་ཁས་ལེན་དམ་བཅའ་བཞག་འདུག སྔ་དྲོ་མཛད་སྒོ་དངོས་ཀྱི་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་འབྲས་སྤུངས་མཁན་བླ་འདུས་སྡེ་ཡོངས་ཀྱི་མདུན་དུ་ཁས་ལེན་དམ་བཅའ་བཞག་པ་མ་གཏོགས་དེའི་བརྙན་དང་གཞན་གནས་ཚུལ་སོགས་གང་ཡང་མཇལ་རྒྱུ་མེད་ཀྱང་། མཛད་སྒོ་སྒྲུབ་པའི་རྗེས་ཀྱི་འདྲ་པར་དང་བརྙན་མང་དག་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཡོངས་གྲགས་བྱུང་བཞིན་པའི་ནང་དུ། དགེ་འདུན་པ་དང་མི་མང་བརྒྱ་ཕྲག་མང་པོས་དགེ་ལུགས་སྤྱི་འཐུས་གཉིས་ལ་དགའ་བསུའི་མཇལ་དར་སྒྲོན་བཞིན་པ་མངོན་རྒྱུ་འདུག […]

The post དགེ་ལུགས་སྤྱི་འཐུས་ལས་ཐོག་གཉིས་ནས་འབྲས་སྤུངས་ཚོགས་ཆེན་དུ་བཤགས་སྡོམ་དམ་བཅའ་ཕུལ་འདུག appeared first on vot.

Original Article