དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཟླ་བ་རྗེས་མའི་ཕྱི་ཚེས་ ༣ བར་ཉིན་གྲངས་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་འཚོག་བཞིན་པ་རེད་འདུག
པར་དབང་། The Great Sakya Monlam Foundation
འདི་ག་རླུང་འཕྲིན་ཁང་གིས་དཔལ་ས་སྐྱ་སྨོན་ལམ་ཚོགས་པའི་ཚོགས་གཞོན་མཁན་པོ་ཨ་འཕྲིན་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། ཐེངས་འདིའི་ས་སྐྱ་སྨོན་ལམ་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཕྱིར་དམིགས་བསལ་གྱིས་ཉིན་ལྟར་སྔ་དྲོ་ཚེ་ཆོག་དང་སྨན་ཆོག་དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་ནས་གསུང་བཞིན་ཡོད་པ་གསུངས་སོང་།
པར་དབང་། The Great Sakya Monlam Foundation
རྩ་བའི་ད་རེས་ཀྱི་དཔལ་ས་སྐྱ་པའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པའི་ཐོག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་དང་ཞེ་གཉིས་པ། དེ་བཞིན་གདུང་སྲས་དང་སྲས་མོ་རྣམ་པ། ཚར་པའི་ཁྲི་པ་ཉེ་དྲུག་པ་དང་། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་སོགས་དགེ་འདུན་གྲྭ་བཙུན་སྤྱི་ཡོངས་ནས་ ༣༥༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད་འདུག
མ་ཟད་སྨོན་ལམ་གྱི་ཉིན་དང་པོར་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་ BTMC ཞེས་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ Bhante Deenanand ལགས་དང་། དགེ་འདུན་པ་གཙོ་འཛིན་ Bhante Manoj ལགས་སོགས་ནས་ཆེད་མངགས་ཕེབས་བསུ་ཞུས་ཡོད་པ། ལྷག་པར་དུ་ལྷན་ཚོགས་ངོས་ནས་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་གནས་མཆོག་འདིར་ཞབས་སོར་འཁོད་པ་ལ་ཆེ་བསྟོད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་དོན་དུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དེ་བཞིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡོད་པའང་གསུངས་འདུག
པར་དབང་། The Great Sakya Monlam Foundation




