བོད་རྔ་བ་རྫོང་ནས་ཡིན་པའི་ན་གཞོན་གཞས་པ་ཨ་སངས་ལགས་ཀློད་གྲོལ་བཏང་འདུག་ཀྱང་ཁོང་གི་རོགས་པ་གཞས་པ་དཔལ་ཆུང་ལགས་ཀྱི་གནས་སྟངས་ཐད་གསལ་ཁ་གང་ཡང་མི་འདུག
ན་གཞོན་གཞས་པ་ཨ་སངས་ལགས་དང་ཁོང་བཟའ་ཟླས་མི་འགྱང་བར་ཆེད་སྒྲིག་གླུ་གཞས་རྨི་ལམ་གྱི་ཁ་སྟབས་གང་མགྱོགས་འགྲེམས་སྤེལ་གནང་རྒྱུ་ཡིན་སྐོར་བསྒྲགས་འདུག
ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ པ་མ་ཟིན་ཙམ་ལ་བོད་རྔ་བ་རྫོང་ནས་ཡིན་པའི་ན་གཞོན་གཞས་པ་ཨ་སངས་ལགས་དང་ཁོང་གི་བཟའ་ཟླ་ལྷ་མོ་གཉིས་ཀྱིས། མི་འགྱང་བར་ཨ་སངས་ཀྱིས་ལོ་ཤས་རིང་དཀའ་ལས་བརྒྱབ་ནས་གྲ་སྒྲིག་བྱས་པའི་གླུ་གཞས་ཆེད་སྒྲིག་གཉིས་པ་རྨི་ལམ་གྱི་ཁ་སྟབས་ཞེས་པ་འགྲེམས་འཆར་ཡོད་སྐོར་ཁྱབ་བསྒྲགས་གནང་འདུག་ལ། ཉིན་གཉིས་ཀྱི་གོང་དུ་ཁོང་ཀློད་གྲོལ་འཐོབ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ལྟར་ཟླ་ ༧ ཙམ་རིང་བཀག་ཉར་བྱས་རྗེས་ཀློད་ཡོད་འདུག ཡིན་ནའང་། ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་གཞས་པ་དཔལ་ཆུང་ལགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
ཁོང་བཟའ་ཟླ་གཉིས་ཀྱིས་ཕྱིར་བསྒྲགས་བྱས་པའི་བརྙན་ཐུང་དེའི་ནང་དུ། ཁོང་གཉིས་ལ་རྒྱབ་སྐྱོར་ཐུགས་ཁུར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་དང་འབྲེལ། མི་འགྱང་བར་ཨ་སངས་ལགས་ཀྱི་གླུ་གཞས་ཆེད་སྒྲིག་གཉིས་པ་རྨི་ལམ་གྱི་ཁ་སྟབས་ཞེས་པ་འགྲེམས་སྤེལ་གནང་རྒྱུ་ཡིན་པས། ཚང་མས་དོ་འཁུར་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག
ན་གཞོན་གཞས་པ་ཨ་སངས་ལགས་ཀྱི་ཆེད་སྒྲིག་གླུ་གཞས་རྨི་ལམ་གྱི་ཁ་སྟབས་གང་མགྱོགས་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
འདས་ལོའི་༧སྐུའི་གོ་སྟོན་དང་བསྟུན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྔར་ལས་དམ་དྲག་ཤུགས་ཆེན་བྱས་ཏེ། གོ་སྟོན་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་ལྟར། ན་གཞོན་གཞས་པ་ཨ་སངས་ལགས་དང་ཁོང་གི་གླུ་གཞས་གཏོང་རོགས་དཔལ་ཆུང་ལགས་གཉིས་ཀྱིས་གླུ་གཞས་རྙིང་པ་ཞིག་བསྐྱར་ལེན་བྱས་པའི་རྐྱེན་གྱིས་ཁོང་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། ད་ལྟའང་ཁོང་གི་རོགས་པ་དཔལ་ཆུང་ལགས་གང་དུ་ཡོད་མེད་དང་། ཀློད་གྲོལ་ཐོབ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
ན་གཞོན་གཞས་པ་གཙུག་ཏེའམ་དྲ་མིང་ལ་ཨ་སངས་ལགས་ནི་བོད་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཚང་གི་བུ་ཡིན་ཞིང་། ཁོང་དང་བཟའ་ཟླ་ལྷ་མོ་གཉིས་ལ་བུ་གཉིས་བཅས་ཡོད་འདུག་ལ། ཁོང་ནི་གཞས་པ་དགེ་བྷེ་ལགས་ཀྱི་སློབ་ཕྲུག་ཡིན་འདུག ཁོང་དུས་རྒྱུན་ནས་རང་གི་རིགས་ལ་ལར་ཞེན་ཆེ་ཞིང་། བོད་སྐད་ཡིག་དང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་གཙིགས་སུ་འཛིན་མཁན་ཞིག་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




