[དྷ་རམ་ས་ལར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༤ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༤ ཉིན། རྒྱ་གར་ལྷོ་ཕྱོགས་ཀ་ཊ་ཀ་མངའ་སྡེའི་དྷར་ཝར་ཌ (Dharwad) གྲོང་གསེབ་ཉེན་རྟོག་པས་རང་ལོ་༣༩ ལ་སོན་པའི་བོད་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་བཙན་ཁྲིད་དང་དམར་གསོད་བཏང་བའི་ཉེས་མིང་འོག་རྒྱ་གར་བ་གསུམ་འཛིན་བཟུང་བྱས་ཡོད་འདུག།
དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་ནི་རང་ལོ་༣༩ ལ་སོན་ཡོད་པ་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་གཞིས་ཀ་དང་པོའི་ནང་བཞུགས་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༢༦ ཟླ་ ༤ ཚེས་ ༢༩ ཉིན། དྷར་ཝ་ཌ་ས་ཁུལ་གྱི་ཧ་ལི་ཡལ་ (Haliyal) ལམ་འགྲམ་གྱི་ཟམ་པ་ཞིག་གི་ཉེ་འཁོར་ནས་ཁོང་གི་ཕུང་པོ་རྙེད་སོན་བྱུང་ཡོད་པ་དང་། ཕུང་པོའི་སྟེང་རྨས་སྐྱོན་དུ་མ་ཕོག་ཡོད་པ་དང་རྐང་པ་གཉིས་བསྡམས་ཡོད་པ་བརྗོད་འདུག དོན་རྐྱེན་དེ་དང་འབྲེལ་ཉེན་རྟོག་པས། མ་ཧཱ་རཱ་ཤེ་ཊ་མངའ་སྡེ་ནས་ཡིན་པའི་ལོ་ན་༢༤ སོན་པའི་ཉེས་ཅན་པ་ཀོ་ལ་པུར་ (Kolhapur) རྫོང་ནས་ཡིན་པའི་སན་ཀེཏ་སཱ་ཊ་པ་ཡ་དྷབ་ (Sanket Sattappa Yadav) དང་། ལོ་ན་༡༨ ལ་སོན་པའི་སི་དྷེ་ཤ་སུ་ནིལ་བྷོ་སེ་ལེ་ (Siddesh Sunil Bhosle)། ལོ་ན་སུམ་ཅུ་ཡིན་པའི་བྷའི་བྷབ་མཱ་རུ་ཏི་ཆ་ཝན་ (Vaibhav Maruti Chavan, ༣༠) བཅས་འཛིན་བཟུང་བྱས་ཡོད་འདུག
དྷར་ཝ་ཌ་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་གྷུན་ཇན་ཨརྱ་ (Gunjan Arya) ཡིས་བརྗོད་པར་གཞིགས་ན། དོན་རྐྱེན་འདི་ནི་དངུལ་དངོས་འཕྲོག་བཅོམ་བྱེད་རྒྱུའི་ཆེད་དུ་ཡིན་པ་དང་། ཉེས་ཅན་པ་ཚོས་དགེ་འདུན་པ་དེ་བཙན་ཁྲིད་ཀྱིས་དངུལ་བཙན་འཕྲོག་བྱེད་རྒྱུའི་འཆར་གཞི་ལམ་ལྷོང་མ་བྱུང་བར་བརྟེན་དམར་གསོད་བཏང་བ་ཞིག་ཡིན་པ་བརྗོད་འདུགད་ལྟའི་ཆར་འཛིན་བཟུང་བྱས་པའི་མི་གསུམ་པོས་ཉེས་པ་ངོས་ལེན་བྱས་ཡོད་པ་དང་། ཉེན་རྟོག་པས་དོན་རྐྱེན་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་ལག་རོགས་གཞན་མི་གཉིས་འཚོལ་བཤེར་བྱེད་བཞིན་ཡོད་འདུག།གསར་འགོད་པ། བློ་བཟང་རྒྱ་མཚོ།





