བྷེང་ལོར་དུ་རྟེན་གཞི་བྱས་པའི་རིག་ནོར་བརྡ་འཕྲིན་འཕྲུལ་ལས་ཁང་བཙུགས་ནས་ལོ་ལྔ་འཁོར་བ་ཡོད་འདུག བོད་པའི་རིག་གཞུང་དང་དེང་རབས་འཕྲུལ་ལས་གཉིས་ཟུང་འབྲེལ་གྱིས་ཐོག་ནས་འདས་པའི་ལོ་ལྔའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་་གྲུབ་འབྲས་གཟེངས་སུ་ཐོན་པ་བྱང་ཡོད་ཅེས་བརྗོད།ཕྱི་ལོ་༢༠༢༦ ཟླ་༥ ཚེས་༤ ཉིན་རིག་ནོར་བརྡ་འཕྲིན་གསར་འཛུགས་གནང་མཁན་བློ་བཟང་བཀྲ་ཤིས་ཀྱིས་འདི་གར་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན་ལ། ཕྱི་ལོ་༢༠༢༦ ཟླ་༥ ཚེས་༢ ཉིན་ནི་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་རིག་ནོར་བརྡ་འཕྲིན་འཕྲུལ་ལས་ཁང་ (Rignor Labs)ཞེས་པ་དེ་བློ་བཟང་བཀྲ་ཤིས་དང་། བཀྲ་ཤིས་ཆོས་མཚོ་གཉིས་ཀྱིས་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༣ ཉིན་གསར་འཛུགས་གནང་བ་ཞིག་རེད་འདུག་པ་དང་། ད་ཆ་བརྡ་འཕྲིན་འཕྲུལ་རིགས་ཀྱི་ཚོང་གཉེར་ཁང་དེ་བཙུགས་ནས་ལོ་ངོ་ལྔ་འཁོར་བ་དང་བསྟུན། རྒྱལ་སྤྱིའི་ཚོང་ལས་ཁག་དང་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ནས་གྲུབ་འབྲས་ལེགས་པ་བྱུང་བ་སྲུང་བརྩི་ཞུས་ཡོད་འདུག ཐོག་མ་ཚོང་གཉེར་ཁང་དེ་བཙུགས་པ་ནས་བཟུང་རྒྱལ་ཁབ་༨ ནང་ལས་གཞི་༥༠ ལྷག་ལེགས་གྲུབ་བྱས་ཤིང་། ད་ལྟའི་ཆར་རྒྱལ་སྤྱི་ཁྱོན་ཡོངས་ནང་བེད་སྤྱོད་གཏོང་མཁན་༢,༥༠༠ ལྷག་ཡོད་པ་བརྗོད།དེ་བཞིན་ཁོང་ཚོས་ཤེས་ཡོན་དང་། འཕྲོད་བསྟེན། སྣེ་ལེན་ཞབས་ཞུ། རིག་གཞུང་བསྟི་གནས་ཁང་བཅས་ཀྱི་ཚོང་ཤག་༢༣ ལྷག་ལ་ཞབས་ཞུ་མཁོ་སྤྲོད་བྱེད་བཞིན་ཡོད་པ་མ་ཟད། ལོ་ལྟར་སྤྱི་ཚོགས་ཞབས་ཞུའི་ཆེད་དུ་ཆུ་ཚོད་༡༠༠ ལྷག་རིན་མེད་འཕྲུལ་ལས་རོགས་སྐྱོར་གནང་བཞིན་ཡོད་འདུགརིག་ནོར་འཕྲུལ་ལས་ཁང་ནི་མཉེན་ཆས་བཟོ་སྐྲུན་ཁང་དཀྱུས་མ་ཞིག་དང་མི་འདྲ་བར། ཚོང་ལས་དང་སྤྱི་ཚོགས་ཞབས་ཞུ་གཉིས་དབར་ཆ་སྙོམས་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་དང་། བོད་ཡིག་དང་འབྲེལ་བའི་ལས་གཞི་ཁག་རིན་མེད་དམ། ཡང་ན་མ་གནས་ཀྱི་རིན་གོང་ཙམ་ལས་མི་ལེན་པར་སྤྱི་ཚོགས་ལ་སྨན་པའི་ལས་འགན་གཙོ་བོར་བཟུང་ཡོད་ཅེས་བརྗོད་ཡོད།
ང་ཚོའི་དམིགས་ཡུལ་ནི་རིག་གཞུང་གི་རྩ་བ་མ་བོར་བའི་ཐོག་ནས་གསར་གཏོད་བྱ་རྒྱུ་དེ་ཡིན། དེ་ནི་འགྲོ་བ་མིའི་རིགས་ལ་ཕན་པའི་འཕྲུལ་ལས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དགོན་སྡེ་དང་། སློབ་གྲྭ། ཡང་ན་ང་ཚོའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་གིས་བོད་ཡིག་དང་འབྲེལ་བའི་ལས་གཞི་ཞིག་འཁྱེར་ཡོང་ཚེ། ང་ཚོས་རིན་གོང་གི་སྐོར་ལ་མི་བསམ་པར། ལས་གཞི་དེ་ག་དུས་མགོ་འཛུགས་ཐུབ་མིན་ལ་བསམ་བློ་གཏོང་གི་ཡོད། དེ་ནི་ང་ཚོ་སྤོབས་པ་སྐྱེ་འོས་པའི་ལས་ཀའི་ཆ་ཤས་ཤིག་ཡིན་ཞེས་རིག་ནོར་འཕྲུལ་ལས་ཁང་གི་གསར་གཏོད་པ་བློ་བཟང་བཀྲ་ཤིས་ཀྱིས་བརྗོད་སོང་།རིག་ནོར་འཕྲུལ་ལས་ཁང་ནི་བོད་པའི་སྒྲིག་འཛུགས་ཆེ་ཁག་དུ་མའི་འཕྲུལ་ལས་ཀྱི་རྒྱབ་རྟེན་ལྟ་བུར་གྱུར་ཡོད། དེ་དག་གི་ཁོངས་སུ་སེར་བྱེས་དྲ་ཐོག་སློབ་གྲྭ། (Sera Jey Online School)འཛམ་གླིང་གི་རྒྱལ་ཁབ་༡༦ ནང་གི་སློབ་མ་༡,༥༠༠ ཙམ་ལ་བོད་ཡིག་དང་། དབྱིན་ཇི། སྐད་ཡིག་གཞན་དག་གི་ཐོག་ནས་དྲ་ལམ་སློབ་ཁྲིད་དང་། ཐད་གཏོང་། ཟིན་བྲིས་ཉར་ཚགས་བཅས་ཀྱི་བརྡ་འཕྲིན་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ། སེར་བྱེས་དེང་རབས་ཤེས་ཡོན་ལྷན་ཚོགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་སྐྱ་ས་ཆེན་ཐེབས་རྩ་ཚོགས་པའི་ཞལ་འདོན་དེབ་ཀྱི་མཉེན་ཆས། དེ་མིན་ཡོ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མཐུན་ཚོགས། རྒྱལ་སྤྱིའི་བོད་པའི་སློབ་མའི་མཐུན་ཚོགས་ (GTSU)། དགའ་ལྡན་ཆོས་གླིང་ནང་པའི་ཤེས་ཡོན་ལྷན་ཚོགས། མ་འོངས་བོད་ (Future of Tibet) སོགས་ལ་ཞབས་ཞུ་བསྒྲུབས་ཡོད་འདུག ད་བར་ཚོང་གཉེར་ཁང་དེའི་སྤྱི་ཚོགས་ལས་གཞི་༢༠ ལྷག་རིན་མེད་དུ་བསྒྲུབས་ཡོད་པ་སོགས་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱི་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཁག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་འདུགད་ལོ་ལོ་ལྔ་འཁོར་བའི་དུས་དྲན་དང་བསྟུན། རིག་ནོར་འཕྲུལ་ལས་ཁང་གིས་བོད་པའི་སློབ་མ་ཚོར་ཆེད་དུ་དམིགས་ནས་ཉམས་གསོ་(Internship Program) གྱི་ལས་གཞི་ཞིག་དབུ་འཛུགས་བྱས་ཡོད་འདུག དེ་ནི་བོད་པའི་སློབ་མ་ཚོར་དེང་རབས་ཚོང་ལས་ཀྱི་ལས་ཀའི་ཉམས་མྱོང་དངོས་སུ་ཐོབ་པར་དམིགས་པ་ཞིག་ཡིན་འདུག སྦྱོང་བརྡར་བ་ཚོས་ཚོང་གཉེར་ཁང་གི་འཕྲུལ་ལས་པ་དང་། ཇུས་འགོད་པ། གནས་སྡུད་ཚན་རིག་པ་བཅས་དང་མཉམ་དུ་ལས་གཞི་དངོས་ཀྱི་ཐོག་ལག་ལེན་སྦྱོང་བརྡར་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་འདུག་པ་སོགས་བོད་པའི་སློབ་མའི་ཆེད་དུ་ཉམས་གསོ་ལས་གཞི་སྤེལ་དང་སྤེལ་འཆར་ཡོད་འདུགང་ཚོ་ལས་ཀའི་མགོ་འཛུགས་སྐབས་གོ་སྐབས་གང་འདྲ་ཞིག་དགོས་པ་དེ་ད་ལྟའི་གཞོན་སྐྱེས་ཚོར་བསྐྲུན་འདོད་བྱུང་ཞེས་རིག་ནོར་འཕྲུལ་ལས་ཁང་གི་གསར་གཏོད་པ་གཞོན་པ་དང་གནས་སྡུད་ཚན་རིག་པ་བཀྲ་ཤིས་ཆོས་མཚོས་བརྗོད་སོང་། རིག་ནོར་འཕྲུལ་ལས་ཁང་གིས་ཨ་རིའི་ཝིར་ཇི་ནི་ཡཱ་(Virginia)རུ་རྟེན་གཞི་བྱས་པའི་ཀརྨ་ལས་བྱེད(Karma Staff)དང་མཉམ་འབྲེལ་བྱས་ཏེ་ཨ་རིའི་ཚོང་རར་འཛུལ་ཞུགས་བྱས་ཡོད་འདུག ཚོང་གཉེར་ཁང་གཉིས་མཉམ་འབྲེལ་གྱིས་གློག་ཀླད་རིག་རྩལ་(AI)ལྡན་པའི་མཉེན་ཆས་དང་། ཚོང་ལས་རིག་ནུས་ལག་ཆ་(Business Intelligence tools)སོགས་བཟོ་སྐྲུན་བྱེད་བཞིན་ཡོད་འདུགརིག་ནོར་འཕྲུལ་ལས་ཁང་གིས་སྤྱི་ཚོགས་ཞབས་ཞུ་མ་ཟད། ཚོང་ལས་ཀྱི་ཆེད་དུ་མཉེན་ཆས་བཟོ་སྐྲུན་དང་། AI གླེང་མོལ་མཉེན་ཆས། ཁ་པར་མཉེན་ཆས། ཚོང་རྟགས་རྒྱ་ཁྱབ་ཇུས་འགོད་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་བཞིན་ཡོད་འདུག ཁོང་ཚོའི་ཚོང་ཤག་ཁོངས་སུ་ (Potala Restauran) (Garden Asia) (Mountain Ama Cafe) (Sumo Sushi & Grill )སོགས་ཟ་ཁང་ཁག་དང་། བྷེལ་ཇེམ་ (Belgium) དུ་བེད་སྤྱོད་བྱེད་བཞིན་པའི་(Inurse )འཕྲོད་བསྟེན་དོ་དམ་མཉེན་ཆས་སོགས་ཡོད་འདུགཆོང་གཉེར་ཁང་དེ་ནི་རྒྱ་གར་གཞུང་གི་(MSME )ལས་ཁུངས་འོག་དེབ་སྐྱེལ་བྱས་པའི་ཁྱད་ལས་ཆུང་གྲས་ཤིག་ཡིན་པ་བརྗོད།འགོ་ཁྲིད་དང་ལས་བྱེད། རིག་ནོར་འཕྲུལ་ལས་ཁང་ནི་གསར་གཏོད་པ་བློ་བཟང་བཀྲ་ཤིས་དང་བཀྲ་ཤིས་ཆོས་མཚོ་གཉིས་ཀྱིས་སྣེ་ཁྲིད་བྱེད་བཞིན་ཡོད་འདུག་པ་དང་། ཁོང་ཚོའི་ལས་བྱེད་ཁོངས་སུ་བོད་ཡིག་ཐོག་ཁྱད་ལས་པ་བསྟན་འཛིན་དར་རྒྱས་དང་། ལོ་ཙཱ་བ་ལྷུན་གྲུབ་རྡོ་རྗེ། ཇུས་འགོད་པ་བློ་བཟང་འཕྲིན་ལས་སོགས་ཡོད་འདུག མ་འོངས་པར་རིག་ནོར་འཕྲུལ་ལས་ཁང་གིས་(AI )དང་རང་འགུལ་འཕྲུལ་ལས་ (Automation) ཀྱི་ཞབས་ཞུ་རྒྱ་སྐྱེད་གཏོང་རྒྱུ་དང་། བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ལ་མཁོ་བའི་ཐུན་མོང་མ་ཡིན་པའི་མཉེན་ཆས་གསར་བཟོ་བྱ་རྒྱུ། དེ་བཞིན་བོད་པའི་སློབ་མའི་ལག་ལེན་སྦྱོང་བརྡར་གྱི་ལས་གཞི་ཆེ་རུ་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་ཅེས་བརྗོད་སོང་།།གསར་འགོད་པ། བསོད་ནམས་ཕུན་ཚོགས།





