རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༢ ཉིན་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྐུ་མགྲོན་གཞན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པང་ཀཇ་གོ་ཡལ་ (Pankaj Goyal) ལགས། དེ་བཞིན་བཞུགས་བྲལ་དུ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཨ་ནནྜ་ཀུ་མར་ (Anand Kumar) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་འབྲེལ་ཚོགས་གཞོན་སྐུ་ཞབས་ཨར་ཝིན་ནི་ཀོ་སེ་ (Arvind Nicose) ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཏར་ཏ་རག་ (Tarh Tarak) ལགས་གཙོས་པའི་རྒྱ་གར་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༢༣༠ ཙམ་ཚང་འཛོམས་ཐོག་དབུ་འབྱེད་མཛད་སྒོ་དབུ་འཛུགས་གནང་ཡོད།
ཐོག་མར་ཚང་མས་སྐུ་བཞེངས་ཐོག་རྒྱ་གར་རྒྱལ་ཁབ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་། རྒྱ་གར་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཞུས་གྲུབ་རྗེས་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་། མཛད་སྒོ་དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་པཾཀཇ་གོ་ཡལ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད། དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་ཞིང་། ཐེངས་འདིའི་ཚོགས་འདུའི་དགོས་དམིགས་དང་། ཚོགས་འདུའི་དུས་ཚོད་དེ་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དང་། བོད་མིའི་རང་དབང་སྒེར་ལངས། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་རྗེས་སུ་ཚོགས་པའི་བརྒྱུད་རིམ་དང་གནས་འགག་བཅས་ཀྱི་སྐོར་ངོ་སྤྲོད་གནང་། ཁོང་གིས་ཉིན་གཉིས་རིང་གི་ཚོགས་འདུ་དེའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཐུབ་པ་དང་། ཚང་མས་མཉམ་རུབ་ཀྱི་གོམས་པ་མདུན་སྤོས་བྱེད་དགོས་གལ་ཡིན་པ་ནན་བརྗོད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཚོགས་འདུ་དེར་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ཕྱི་ཚེས་ ༡༡ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད། བཀའ་བློན་མཆོག་གིས་བོད་མིའི་ཆེད་དུ་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་གལ་གནད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བའི་སྐོར། དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་སྐུ་ཞབས་ཇཻ་པྲ་ཀཱཤ་ནཱ་རཱ་ཡན་མཆོག་གི་དབུ་ཁྲིད་འོག་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་རྒྱ་གར་བོད་དོན་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་སྐོར་སོགས་གསུངས།
དེ་ནས་བདེ་སྲུང་བཀའ་བློན་མཆོག་གིས་ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་སྟོན་གནང་ཞིང་། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་བཅས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། བོད་ནང་ལོ་ན་བཞི་ལས་ཆུང་བའི་ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གི་སློབ་གསོ་སྤྲད་དེ་ལྟ་བ་སྒྱུར་ཐབས་བྱེད་བཞིན་ཡོད་པ་དེ་དག་ང་ཚོས་དོ་སྣང་དགོས་གལ་ཡིན། རྒྱལ་སྤྱིའི་སྟེང་འཛམ་གླིང་གི་ས་ཁམས་ཆབ་སྲིད་དང་། ལྷག་པར་བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་ལངས་ཕྱོགས་ལ་གལ་གནད་ཆེན་པོ་བརྩི་བཞིན་ཡོད་སྟབས་བོད་དོན་ཐོག་རྒྱ་གར་གྱིས་འོས་འཚམས་ཀྱི་ཐག་གཅོད་གནང་བའི་རེ་སྐུལ་ཞུ་ཡི་ཡོད། ཅེས་དང་། བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་འབྲེལ་ཡོད་པ་ནན་བརྗོད་གནང་།
མཐར་བཀའ་བློན་མཆོག་གིས་རྒྱ་གར་གཞུང་མང་དང་། ལྷག་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཀྱིས་ད་བར་བོད་དོན་རྒྱབ་སྐྱོར་རྒྱུན་མི་ཆད་པར་གནང་བར་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱི་ཚབ་ཞུས་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་མཇལ་དར་ཕུལ་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་དང་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གཉིས་སྟེ་བོད་རྒྱ་དཀའ་རྙོག་སེལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ནི་བཙན་བྱོལ་ནང་མང་གཙོའི་ཆ་ལག་ཆ་ཚང་ལྡན་པའི་གཞུང་ཁོ་ན་ཞིག་ཡིན་ཞེས་གསུངས། དེ་དང་འབྲེལ་ནས་ཁོང་གིས་མཐའ་གཉིས་ངོས་འཛིན་གནང་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྐོར་འགྲེལ་བརྗོད་གནང་ཞིང་། མཐའ་གཅིག་ནི་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། མཐའ་གཉིས་པ་ནི་ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་དེ་ཡིན། མཐའ་གཉིས་དེ་དག་ངོས་འཛིན་ཡོད་པའི་ཐོག་ནས་ང་ཚོས་དབུ་མའི་ལམ་ལ་རིན་ཐང་རྙེད་པར་འབད་བརྩོན་བྱེད་བཞིན་ཡོད། ཅེས་དང་།
འདས་པའི་ལོ་ངོ་གཉིས་ལྷག་རིང་བོད་རྒྱའི་དཀའ་རྙོག་ཐོག་ཨ་རིའི་གཞུང་དང་ཕྱག་ལས་གནང་བཞིན་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་གིས་དེའི་ཐོག་ཁྲིམས་ཡིག་གཏན་འབེབས་གནང་སྟེ་བོད་རྒྱའི་དཀའ་རྙོག་དེ་ད་ལྟའང་སེལ་རྒྱུ་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སེལ་དགོས་པ། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་བྱས་པ་དེར་ངོས་ལེན་མེད་པ་སོགས་ཁྲིམས་ཡིག་གི་གལ་ཆེའི་ནང་དོན་ཁག་ཅིག་ངོ་སྤྲོད་གནང་། ཁོང་གིས་ང་ཚོས་བསམ་བློ་མཐུན་པའི་རྒྱལ་ཁབ་དང་ལྷན་དུ་ཕྱག་ལས་གནང་སྟེ་རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་དང་། བོད་དོན་ཐོག་རྒྱ་གར་གྱི་ལངས་ཕྱོགས་གང་ཡིན་པའི་གོ་རྟོགས་སྤེལ་དགོས་ཀྱི་ཡོད། ཅེས་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་ཡོད་པ་ཐེར་འདོན་གནང་བ་དང་འབྲེལ་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་གཏན་འབེབས་གནང་བའི་ནང་༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གསལ་ཡོད་པ་དང་། ཡུ་རོབ་རྒྱལ་ཁབ་བདུན་ལས་གྲུབ་པའི་ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ནས་༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་དང་དེའི་ཐོག་ཕྱི་ནས་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད་པ། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆེན་ཐོག་རྒྱལ་ཁབ་ ༣༨ ཀྱི་སྐུ་ཚབ་ཐུན་མོང་ནས་བསྒྲགས་གཏམ་སྤེལ་ཡོད་པ་བཅས་ཀྱིས་རྒྱལ་སྤྱིའི་ལངས་ཕྱོགས་བསྟན་གྱི་ཡོད་ཅེས་གསུངས།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་དང་། ཨ་རི། ཁེ་ན་ཌ་སོགས་གྱི་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་དང་བོད་མི་ཚོར་རྒྱབ་སྐྱོར་གནང་དང་གནང་མུས་ཡིན། ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་ཐབས་བྱུས་ལྡན་པའི་ཐོག་བོད་དོན་ཞུ་གཏུག་གནང་རྒྱུའི་ཐོག་འབད་བརྩོན་གནང་དགོས་ཀྱི་ཡོད་ཅེས་སྐུལ་མ་གནང་།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཨ་ཝིན་ནི་ཀོ་སེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས།།















