རྒྱ་ནག་ནིི་རྒྱལ་སྤྱིའི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གཙོ་བོར་གྱུར།

2 weeks ago

[དྷ་རམ་སར] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༢ ཉིན། ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་སྤེལ་བའི་སྙན་ཐོ་ལྟར་ན། ན་ནིང་ལོར། འཛམ་གླིང་གང་སར་ཡོད་པའི་སྲིད་གཞུང་ཁག་གིས་རང་ཉིད་ཀྱི་རྒྱལ་མཚམས་ལས་བརྒལ་ཏེ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ཉེས་རྡུང་དང་ལྐོག་གསོད། བཙན་ཁྲིད་དང་འཇིགས་སྐུལ། དེ་བཞིན་སུན་གཙེར་བཅས་བཟོས་ཡོད་པ་དང་། རང་དབང་ཁང་པའི་གྲངས་མཛོད་(database)ལྟར་ན། ཕྱི་ལོ་༢༠༡༤ ནས་༢༠༢༥ བར་དུ་རྒྱལ་སྤྱིའི་ཁྲོད་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གྱོད་གཞི་གྲངས་༡,༣༧༥ བྱུང་ཞིང་།  ཕྱི་ལོ་༢༠༢༥ ལོར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་དོན་རྐྱེན་གསར་པ་གྲངས་༡༢༦ བྱུང་ཡོད་པ་བརྗོད་འདུག

ཐེ་ལན་ཌིས་ཡུ་གུར་མི་རིགས་༤༠ ཕྱིར་སློག་བྱས་པ།

ཕྱི་ལོ་༢༠༢༥ ཟླ་༢ པའི་ནང་། ཐེ་ལན་ཌི་གཞུང་གིས་བཙན་ཤེད་ཀྱིས་ཡུ་གུར་བ་༤༠ རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་དང་། མི་འདི་དག་ནི་ཤར་ཏུར་ཀི་སི་ཐན་ནང་གི་དྲག་གནོན་ལས་ཐར་ཆེད། ཐེ་ལན་ཌི་བརྒྱུད་ནས་ཏུར་ཀི་(Turkey)ལ་འགྲོ་ཐབས་བྱེད་མཁན་ཡིན་པ་དང་། ཁོང་ཚོ་ལོ་ངོ་བཅུ་ལྷག་རིང་ཐེ་ལན་ཌིའི་བཀག་ཉར་ཁང་དུ་བསྡད་དགོས་བྱུང་ཡོད་འདུག ཁོང་ཚོས་ཟས་བཅད་ངོ་རྒོལ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་དཔོན་རིགས་ཚོས་ཁོང་ཚོར་མཇལ་འཕྲད་བྱེད་རྒྱུའི་རེ་སྐུལ་ཞུས་པ་སོགས་ལ་མ་ལྟོས་པར། ཐེ་ལན་ཌི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་ཁོང་ཚོ་ཕྱིར་སློག་བྱས་ཡོད་འདུག

༢། ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས།

ཐེ་ལན་ཌིའི་ཕྱི་སྲིད་བློན་ཆེན་གཞོན་པས་བརྗོད་གསལ་ལྟར་ན། ཡུ་གུར་མི་རིགས་འདི་དག་ཕྱིར་སློག་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གི་ “འཁོན་ལན་” (Retaliation) ལས་གཡོལ་ཐབས་བྱེད་རྒྱུ་དེ་ཡིན་འདུག ཕྱིར་སློག་བྱས་པའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་། རྒྱ་ནག་གིས་ཐེ་ལན་ཌིའི་ཞིང་ལས་དང་། རླངས་འཁོར་བཟོ་སྐྲུན། བཟོ་ལས་བཅས་ཀྱི་ནང་མ་དངུལ་འཇོག་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པའང་མང་དུ་བཏང་ཡོད་འདུག

རྒྱ་ནག་གིས་ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ས་ཁམས་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་དེ། རང་ཉིད་ཀྱི་ཆབ་སྲིད་ནག་ཉེས་པ་དང་གྲངས་ཉུང་མི་རིགས་ཁག་འཛིན་བཟུང་བྱེད་པར་རྒྱབ་སྐྱོར་ལེན་བཞིན་ཡོད་འདུག ཐེ་ལན་ཙམ་མ་ཟད། ཝི་ཐི་ནམ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གི་ལྟ་བ་མི་མཐུན་པ་རྣམས་ཀྱང་དཀའ་ངལ་ནང་ལྷུང་ཡོད་འདུག།

དེ་བཞིན་ཕྱི་ལོ་༢༠༢༥ ལོར་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཁོངས་སུ་གསར་དུ་རྒྱལ་ཁབ་དྲུག་སླེབས་ཡོད་པ་ནི། ཨབ་གྷ་ནི་སི་ཐན། (Afghanistan) སྦེ་ནིན། (Benin) ཇོར་ཇི་ཡ། (Georgia) ཁེན་ཡ། (Kenya) ཊན་ཛེ་ནི་ཡ། (Tanzania) ཛིམ་བྷབ་ཝེ་ (Zimbabwe) བཅས་ཆགས་ཡོད་འདུག

ཕྱི་ལོ་༢༠༡༤ ནས་༢༠༢༥ བར་གྱི་གནས་ཚུལ་ལ་གཞིགས་ན། འཛམ་གླིང་ནང་རྒྱལ་ཁབ་༥༤ ཡིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཐབས་ལམ་སྤྱད་དེ། རང་གི་མི་སེར་ཕྱིར་སྡོད་པ་རྣམས་ཁ་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། དེའི་ནང་ནས་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་ཤུགས་ཆེ་ཤོས་སམ་གཙོ་བོ་དེར་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Original Article