ལྕམ་སྐུ་ Lehmah Gbowee མཆོག་ནས་༸གོང་ས་མཆོག་གི་མཇལ་ཞུས་པ།

3 months ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནང་བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་ ༢༠༡༡ ལོའི་ནོ་སྩེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨ་ཕི་རི་ཀའི་རྒྱལ་ཁབ་ Liberia ནས་ཡིན་པ་ལྕམ་སྐུ་ Leymah Roberta GBowee མཆོག་དང་རྒྱལ་སྤྱིའི་ཁྲོད་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་སྐུ་ Abigail Edna Disney ལགས་རྣམ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་སོང་། དམིགས་བསལ་མཇལ་ཁའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟའི་འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཧ་ཅང་གི་སེམས་སྐྱོ་པོ་ཡིན་པ་བཀའ་སྩལ་དང་འབྲེལ། ༸གང་ཉིད་མཆོག་དེ་སྔ་ཕ་ཡུལ་དུ་ཡོད་སྐབས་དབུལ་ཕྱུག་གི་ཁྱད་པར་དེ་ཙམ་མེད་པ་དང་། ༸མགོན་པོ་མཆོག་ཉིན་ལྟར་ཡར་བཞེངས་མ་ཐག་འཛམ་གླིང་འདིའི་སྤུན་ཟླ་མི་མང་ཚང་མ་འདྲ་མཉམ་ཐོག་དབུལ་ཕྱུག་གི་ཁྱད་པར་དེ་མེད་ན་སྙམ་པའི་ཐུགས་སྨོན་མཛད་ཀྱི་ཡོད་པ་བཀའ་སྩལ་འདུག སྐབས་དེར་ལྕམ་སྐུ་ Leymah མཆོག་གིས་༸གང་ཉིད་མཆོག་གི་སྙིང་རྗེའི་བཀའ་སློབ་ནི་ད་ལྟའི་དུས་སུ་དགོང་ངེས་ཆེན་པོ་ཞིག་ཡིན་པ་མ་ཟད། སྙིང་རྗེའི་བསམ་ཤེས་མེད་ན། དབུལ་ཕྱུག་ཁྱད་པར་གྱི་དཀའ་ངལ་དེ་ཡང་སེལ་མི་ཐུབ་ལ། ད་ལྟའི་འཛམ་གླིང་གི་དཀའ་རྙོག་ཐམས་ཅད་མང་ཚོགས་ནས་༸གང་ཉིད་མཆོག་དང་ Desmond Tutu ལྟ་བུའི་སྐྱེས་ཆེན་དམ་པ་ཚོའི་བཀའ་སློབ་ལམ་སྟོན་ལག་བསྟར་གནང་མ་ཐུབ་པའི་རྒྱུ་མཚན་གྱིས་འབྱུང་བཞིན་ཡོད་སྐོར་གསུངས་པ་མ་ཟད། ད་ལྟ་༸གོང་ས་མཆོག་གི་བྱམས་སྙིང་རྗེའི་བརྡ་ལན་རྣམས་མང་ཚོགས་གང་མང་ལ་འཕྲོད་ཐུབ་པ་བྱ་རྒྱུ་ཐད་ཁོང་ལྟ་བུའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་རབས་གཞོན་པ་གཞན་ཁག་ལ་འགན་དབང་ཆེན་པོ་ཡོད་པ་གསུངས་འདུག ལྷག་པར་དུ་མཇལ་ཁ་གྲུབ་མཚམས་ལྕམ་སྐུ་ཁོང་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལྷན་བཞུགས་དང་འབྲེལ། དེ་རིང་འདི་ག་བོད་མིའི་གཞིས་ཆགས་མོན་གྷོ་རུ་༸གོང་ས་མཆོག་གི་མཇལ་ཁ་དང་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུ་ཆེད་དང་། ལྷག་པར་དུ་ད་ལྟ་ང་ཚོ་གནས་བཞིན་པའི་གཉན་འཕྲང་ཅན་གྱི་གོ་ལ་འདིར་རྩོད་རྙོག་ཧ་ཅང་མང་པོ་ཡོད་སྟབས་༸གང་ཉིད་མཆོག་གི་སེམས་འགུལ་ཐེབས་གཞིའི་བཀའ་སློབ་དང་བྱིན་རླབས་བརྒྱུད་རྩོད་རྙོག་ཡོད་པ་རྣམས་སེལ་རྒྱུར་མདུན་སྐྱོད་གང་འདྲ་བྱ་དགོས་སྐོར་ལམ་སྟོན་ཞུ་ཆེད་དུ་བཅར་བ་ཡིན་ཞེས་གསུངས་སོང་། ལྕམ་སྐུ་ཁོང་གིས་ད་དུང་། འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་ཁྲོད་༸གང་ཉིད་མཆོག་གིས་དམིགས་བསལ་ད་ལྟའི་འཛམ་གླིང་འདིར་དབུལ་ཕྱུག་གི་ཁྱད་པར་སྐོར་ཐུགས་འཚབ་ཆེན་པོ་མཛད་ཀྱི་འདུག་ཅེས་དང་། ལྕམ་སྐུ་ཁོང་གིས་དགོངས་ཚུལ་ལ་ང་ཚོས་དུས་ནམ་ཡང་གོ་མཚོན་ཐོག་ནས་ཞི་བདེ་སྒྲུབ་ཐབས་མེད་པ་མ་ཟད། དམག་འཁྲུག་ཞི་ཆེད་དུ་དམག་ཞེན་རིང་ལུགས་དང་མི་གཅིག་དབང་སྒྱུར་རིང་ལུགས་འགོག་དགོས་གལ་ཡིན་པ་གསུངས་སོང་། མ་ཟད་ཁོང་གིས་བོད་མི་ཚོར་རང་སོ་སོའི་ལངས་ཕྱོགས་འདྲ་མིན་ཡོད་པ་ལ་མ་ལྟོས་པར་རྡོག་རྩ་ཆིག་སྒྲིལ་གནང་དགོས་གལ་དང་། ཁ་ཐོར་དུ་ཕྱིན་པའི་ཁྱིམ་ཞིག་ཡིན་ནའང་དུས་ནམ་ཡང་རང་ཚུགས་བརྟན་པོ་གནས་ཐུབ་ཐབས་མེད་པ་གསུངས་སོང་། དེ་བཞིན་ལྕམ་སྐུ་ Lehmah མཆོག་དང་ལྷན་དུ་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་དང་གསར་འགོད་ལྷན་ཚོགས་ཐོག་བཅར་བའི་ཨ་རིའི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ལྕམ་སྐུ་ Abigail Edna Disney ལགས་ཀྱིས། དེ་རིང་༸གང་ཉིད་མཆོག་གིས་དབུལ་ཕྱུག་ཁྱད་པར་སྐོར་ཐུགས་འཚབ་ཡོད་སྐོར་བཀའ་སྩལ་བ་དེ་དངོས་ཡོད་བདེན་པའི་གནས་སྟངས་ཤིགཡིན་པ་དང་། རྒྱ་ནག་ལ་བརྡ་ལན་དུ་ཁོང་གིས། རྒྱལ་ཁབ་གཅིག་གི་ནང་སྒྱུ་རྩལ་བ་ལ་རང་དབང་གང་ཙམ་ཡོད་པ་དེས་རྒྱལ་ཁབ་ཀྱི་བདེ་སྐྱིད་རིན་ཐང་མཚོན་གྱི་ཡོད་པ་མ་ཟད། གལ་ཏེ་རྒྱ་ནག་གིས་རང་མི་མང་གི་སྨྲ་བརྗོད་རང་དབང་རྡོག་རོལ་མུ་མཐུད་གཏོང་བ་ཡིན་ན། དེ་ནི་རྒྱ་ནག་རང་གིས་རང་རྒྱལ་ཁབ་ལ་གནོད་སྐྱོན་གཏོང་གི་ཡོད་པ་གསུངས་སོང་། […]

The post ལྕམ་སྐུ་ Lehmah Gbowee མཆོག་ནས་༸གོང་ས་མཆོག་གི་མཇལ་ཞུས་པ། appeared first on vot.

Original Article