International Buddhist Confederation (IBC) ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་། རྒྱ་གར་དབུས་རིག་གཞུང་ལྷན་ཁང་གཉིས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་ནང་པའི་ལྷན་ཚོགས་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད་པ་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཏེ། ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ལྷན་ཚོགས་དེས་སྐྱེ་འགྲོ་ཐམས་ཅད་ཀྱི་བདེ་དོན་ལ་ཕན་པའི་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ངེས་ཡིན་པ་བཀའ་སྩལ་འདུག དེའང་རྒྱ་གར་རྒྱལ་ས་ལྡི་ལིར་ཟླ་བ་འདིའི་ཚེས་ ༢༤ དང་ ༢༥ བཅས་ཉིན་གཉིས་རིང་ཚོགས་པའི་ལྷན་ཚོགས་དེའི་ཐོག རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་དབུས་པའི་བློན་ཆེན་ཁག་གཅིག རྒྱལ་ཁབ་འདྲ་མིན་གྱི་ནང་པའི་སྡེ་ཁག་སོ་སོའི་དབུ་འཛིན་དང་། གཞན་ཡང་ཕྱི་རྒྱལ་གྱི་མཐོ་རིམ་དཔོན་རིགས་བཅས་འཐུས་མི་ ༢༠༠ ཙམ་གྱིས་གཙོས་པའི་ཚོགས་བཅར་བ་ཁྱོན་ ༨༠༠ ལྷག་ལྷན་ཞུགས་གནང་འདུག Collective Wisdom, United Voice, and Mutual Coexistence འམ་མཉམ་འབྲེལ་གྱི་བློ་གྲོས་དང་། མཐུན་སྒྲིལ་གྱི་འབོད་སྒྲ། ཕན་ཚུན་མཉམ་གནས་ཞེས་པའི་བརྗོད་གཞིའི་འོག་གོ་སྒྲིག་ཞུས་པའི་ཐེངས་འདིའི་ལྷན་ཚོགས་ནི། ནང་པའི་ལྟ་གྲུབ་ཀྱིས་སྤྱི་ཚོགས་མཐུན་སྒྲིལ་དང་རྒྱལ་སྤྱིའི་འབྲེལ་ལམ་ཡར་རྒྱས་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པ་དེར་སྔར་ལས་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་ཞིག་རེད་འདུག དེ་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༣ ཉིན་ཚོགས་བཅར་བར་བསྩལ་བའི་གསུང་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གིས་ལོ་མང་རིང་ཨེ་ཤི་ཡས་གཙོས་པའི་ནང་པའི་ཆོས་གྲོགས་བར་འབྲེལ་བ་དམ་ཟབ་གཏོང་རྒྱུར་ཐུགས་བསྐྱེད་དམ་བཅའ་བརྟན་པོ་ཡོད་པ་དང་། ལོ་མང་རིང་ཁོང་ཚོ་དང་མཇལ་འཕྲད་བྱེད་རྒྱུའི་གོ་སྐབས་མང་པོ་བྱུང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་དེང་སྐབས་འཛམ་གླིང་ཡོངས་སུ་མིའི་རིགས་ལ་འགལ་ཟླ་དང་། འདྲ་མཉམ་མེད་པ། ཁོར་ཡུག་ཉམས་རྒུད། སེམས་ཀྱི་སྡུག་བསྔལ་མང་དུ་ཕྱིན་པ་སོགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་པ་བཀའ་སྩལ་དང་འབྲེལ། དཀའ་ངལ་འདི་དག་སེམས་བཟང་པོ་བརྒྱུད་ནས་མ་གཏོགས་ཚན་རིག་དང་དངོས་པོའི་ཡར་རྒྱས་གཅིག་པུས་སེལ་ཐུབ་ཀྱི་མ་རེད། སྙིང་རྗེ་དང་བྱམས་བརྩེ་ནི་རྒྱས་སྤྲོས་ལྟ་བུ་མིན་པར། འགྲོ་བ་མིའི་འཚོ་གནས་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། མི་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་ངོས་འཛིན་བྱེད་ཐུབ་ཚེ། རང་བཞིན་གྱིས་གཞན་ལ་ཚོར་བ་ཉེ་བོ་དང་འགན་འཁུར་གྱི་འདུ་ཤེས་ཡོང་རྒྱུ་དང་། འདི་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འཛམ་གླིང་འདིར་དམིགས་བསལ་གྱིས་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག ཕྱོགས་མཚུངས་ཞི་བདེ་ཡུན་གནས་ཞེས་པ་ནི་མི་སྒེར་སོ་སོའི་བརྒྱུད་ནས་འགོ་འཛུགས་དགོས་པ་དང་། ནང་སེམས་ཀྱི་ཞི་བདེ་ཞེས་པ་ནི་རང་ཉིད་ཀྱི་སེམས་ལ་སྦྱོང་བརྡར་སྤྲོད་པ་དང་། ཁོང་ཁྲོ་དང་འཇིགས་སྣང་ལྟ་བུའི་གནོད་འཚེ་ཅན་གྱི་ཚོར་བ་ཉུང་དུ་གཏོང་བ། བཟོད་སྒོམ་དང་། ཆོག་ཤེས། རང་ཁྲིམས་སྲུང་བའི་བརྒྱུད་ནས་ཡོང་གི་ཡོད་ཅིང་། ལྷག་པར་ཕན་ཚུན་རྟེན་འབྲེལ་རང་བཞིན་ལྡན་པའི་ཤེས་རབ་གྱིས་རང་དོན་ཁོག་ཆུད་ […]
The post ལྡི་ལིར་འཛམ་གླིང་ནང་པའི་ལྷན་ཚོགས་ཐེངས་གཉིས་པ་སྐོང་ཚོགས། appeared first on vot.





