སྲིད་འཛིན་ཊོམཔ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ།

1 hour ago

ཨ་རི་སྲིད་འཛིན་ཊོམཔ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་གྲོས་མོལ་གནང་བའི་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་རིང་མིན་ཟླ་བ་འདིའི་ཚེས་ ༡༣ ནས་ ༡༥ བར་ཉིན་གསུམ་རིང་ཨ་རིའི་སྲིད་འཛིན་ Donald Trump ཊོམཔ་མཆོག་རྒྱ་ནག་ཏུ་ཕྱོགས་བསྐྱོད་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་བསྟུན། ཁ་སང་ཚེས་ ༡༠ ཉིན་ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཕོ་བྲང་དཀར་པོའི་མདུན་ཐང་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་། དེ་བཞིན་ Dupont Circle བཅས་ཀྱི་ནང་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི། ཝ་ཤིང་ཊོན་ཌི་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི། ས་གནས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་ཅིག་མཉམ་ཞུགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་འདུག མ་ཟད་སྲིད་འཛིན་ཊོམཔ་ནས་ཞི་ཅིང་ཕིང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་དུ་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་སོགས་ཀྱི་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག སྐབས་དེར་ངོ་རྒོལ་བ་རྣམས་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་རྒྱལ་དར་དང་ལག་ཏུ་འཕྲེད་དར་བསྣམས་ཏེ། བོད་ལ་རང་དབང་དགོས་པ་དང་། བོད་ནང་གི་རིག་གཞུང་རྩ་གཏོར་མཚམས་འཇོག་དགོས་པ། སྲིད་འཛིན་ཊོམཔ་མཆོག་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པ། ༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངེས་པར་དུ་གློད་བཀྲོལ་དགོས་པ། བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་འབོད་ཚིག་སྣ་མང་བརྒྱུད་ངོ་རྒོལ་གནང་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་ལས་འགུལ་དེ་བཞིན་དུས་རྒྱུན་སྤེལ་བཞིན་པའི་ཚེས་བཅུ་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ཅིང་། གཙོ་བོ་སླེབས་ལ་ཉེ་བའི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱ་གཏན་འཁེལ་བ་ལྟར། སྲིད་འཛིན་ཊོམཔ་མཆོག་ནས་ངེས་པར་དུ་བོད་ཀྱི་གནད་དོན་གླེང་དགོས་པའི་འབོད་སྐུལ་དང་སྦྲགས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་ཞིག་ཡིན་པ་སོགས་གསུངས་སོང་། རྩ་བའི་ད་ལན་གྱི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་གྱི་ཐུག་འཕྲད་དེ་བཞིན་སྲིད་འཛིན་ཊོམཔ་མཆོག་གི་ལས་ཡུན་གཉིས་པའི་ཁྲོད་ཞི་དང་ཐུག་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། ད་རེས་ཀྱི་ཐུག་འཕྲད་ཐོག་སྲིད་འཛིན་ཊོམཔ་མཆོག་ལ་རྒྱ་ནག་ནང་རང་དབང་སྐུལ་འདེད་བྱ་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དང་འབྲེལ། རྒྱ་ནག་ནང་བསྐྱོད་སྐབས་ཨ་རིའི་ནང་གི་སྒེར་གྱི་བསམ་ཚུལ་དང་། སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་སྐོར་བཀའ་མོལ་གནང་བའི་བརྒྱུད། རྒྱ་ནག་མི་མང་ནང་རང་དབང་གི་གལ་གནད་སོགས་ཀྱི་སྐོར་གླེང་སློང་གནང་དགོས་གལ་ཆེ་བའི་དུས་སྐབས་ཤིག་ཡིན་པ། ལྷག་པར་ད་ལྟའི་ཆར་རྒྱ་ནག་དེ་བཞིན་སྟོབས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གི་མི་རབས་གསར་པ་རྣམས་ལ་ཨ་རིའི་རྩ་དོན་དང་རིན་ཐང་སོགས་འགྲེལ་བཤད་རྒྱག་དགོས་པའི་དུས་ཚོད་སླེབས་ཡོད་པ་བརྗོད་ཀྱི་ཡོད།

The post སྲིད་འཛིན་ཊོམཔ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ། appeared first on vot.

Original Article